ས་དེའི་དུས་ཚོད་ཚེས16ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཏ་ཝོ་སི་རུ་སིང་ག་ཕོར་གྱི་ཙུང་ཐུང་ཧྲང་ཏ་མན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ན་ནིང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་སྔོན་མཐོང་རང་བཞིན་གྱི་གྲོགས་པོའི་འབྲེལ་བར་མཐོར་འདེགས་བཏང་། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བཟང་བོ་བྱེད་པ་དང་ཆུ་ཚད་མཐོ་བའི་འཐབ་ཇུས་ཡིན་རྟོན་སྲུང་འཛིན་བྱེད་པ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། ཁྱབ་ཁོངས་སོ་སོའི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་དང་མཉམ་ལས་ཐད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།
ཧྲང་ཏ་མན་གྱིས་བསྟན་དོན། སིང་ག་ཕོར་ཕྱོགས་ཀྱིས་སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་གྲོས་མོལ་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། དངུལ་རྩ་དང་གཞི་གྲངས་དཔལ་འབྱོར། ལྗང་མདོག་ཚུལ་སྒྱུར་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས་སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱི་ཐའེ་ཝན་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་བྱས། ཧྲང་ཏ་མན་གྱིས་སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཐའེ་ཝན་རང་བཙན་གྱི་གཏམ་སྦྱོར་ཡོད་ཚད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་ཡིན། སིང་ག་ཕོར་ཕྱོགས་ཀྱི་ཐའེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད་ཅེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།