ལིས་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིན་གུང་གསོལ་སྟོན་ལ་ཞུགས།
2024.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 98

ས་དེའི་དུས་ཚོད་ཟླ1ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཏ་ཝོ་ཟི་རུ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་མགོ་འཛིན་བྱས་པའི་ཉིན་གུང་གསོལ་སྟོན་ལ་ཞུགས་ནས། རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟིའི་འགན་འཁུར་པ་དང་ལྷན་དུ་དགོངས་འཆར་བརྗེ་རེས་གནང་།

ལིས་ཆང་གིས་རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟི་ནི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཟབ་ཞུགས་པ་དང་བདེན་དཔང་པ། ཕན་ཁེ་ཐོབ་མཁན་བཅས་ཡིན། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོའི་ནང་ལེགས་ཕྱོགས་སུ་འགྲོ་བའི་སྤྱིའི་འཕེལ་ཕྱོགས་ལ་འགྱུར་ལྡོག་འགྲོ་མི་སྲིད་པས། རྒྱལ་ཁབ་སོ་སོའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྔར་ལས་གང་མང་མཁོ་འདོན་བྱེད་རྒྱུ་རེད། ང་ཚོས་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོ་རུ་མ་དངུལ་བཏང་ནས་ལས་རིགས་དར་སྤེལ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་ཁེ་ལས་ཀྱིས་ཀྲུང་གོ་རུ་ཚོང་གཉེར་བྱེད་སྐབས་འཕྲད་ཀྱིན་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་ནན་མོ་བྱེད་འདོད་ཡོད། ཚང་མས་ཀྲུང་གོའི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་གོ་རུ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།