ལིས་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་ནས་དམིགས་བསལ་ཤིས་ཚིག་ཕུལ།
2024.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ས་དེའི་དུས་ཚོད་ཟླ1ཚེས16ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཏ་ཝོ་ཟི་རུ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་ནས་དམིགས་བསལ་ཤིས་ཚིག་ཕུལ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་མགོ་འཛིན་གནང་།

ལིས་ཆང་གིས་ད་ཐེངས་ཀྱི་ལོ་ཚོགས་ཀྱིས“ཡིད་ཆེས་བསྐྱར་སྐྲུན”ཞེས་པ་བརྗོད་དོན་དུ་བཟུང་ནས། མི་རྣམས་ཀྱི་དོ་ཁུར་དང་ཧ་ཅང་འཚམ་པོ་ཡོང་བར་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། འཛམ་གླིང་འདི་ཉིད་ཟང་ཟིང་ཆེ་བའི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ཡོད་ནའང་། མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་ཁ་ཕྱོགས་ཆེན་པོ་དུས་ནམ་ཡང་འགྱུར་མི་སྲིད། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་ཡིད་ཆེས་ཀྱི་སྙིང་པོ་འཚོལ་དགོས་ཞེས་གསུངས།

ལིས་ཆང་གིས་ཡིད་ཆེས་བསྐྱར་སྐྲུན་དང་མཉམ་ལས་ལ་ཤུགས་སྣོན་པ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་བྱེད་པ་བཅས་ཀྱི་ཐད་གྲོས་འགོ་ལྔ་བཏོན་པ་སྟེ། གཅིག་ནས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། འཛམ་གླིང་གི་དཔལ་འབྱོར་འཕར་བའི་མཉམ་ཤུགས་སྔར་ལས་ལེགས་པའི་སྒོ་ནས་གཅིག་སྡུད་བྱེད་དགོས། གཉིས་ནས་རྒྱལ་སྤྱིའི་ཐོན་ལས་ལས་བགོས་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་སྲུང་སྐྱོབ་ནན་མོ་བྱེད་དགོས། གསུམ་ནས་རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། ལག་རྩལ་བཅོས་སྒྱུར་ལ་བརྟེན་ནས་མིའི་རིགས་ལ་ཕན་པ་སྔར་ལས་གང་མང་ཐོབ་པར་བརྩོན་དགོས། བཞི་ནས་ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་འཇལ་དགོས། ལྔ་ནས་ལྷོ་བྱང་མཉམ་ལས་དང་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཀུན་ཕན་ཁོང་ཡངས་ཀྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ཐད་ཤུགས་སྣོན་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།