བློ་མཐུན་ཀྲང་ཁི་ཧོས་ཀྱི་སྐུ་གདུང་པེ་ཅིང་དུ་སྦྱིན་སྲེག་བྱས།
2024.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

མིང་དུ་གྲགས་པའི་སྤྱི་ཚོགས་བྱེད་སྒོ་པ་དང་ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པ་དང་སྐབས་བཅུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་སྐབས་དྲུག་པ་དང་སྐབས་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། སྐབས་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི། ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་པ་དང་ལྔ་པའི་ཚོགས་གཙོ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་བློ་མཐུན་ཀྲང་ཁི་ཧོས་ཀྱི་སྐུ་གདུང་ཟླ1ཚེས17ཉིན་པེ་ཅིང་པ་པོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་རུ་སྦྱིན་སྲེག་བྱས།

བློ་མཐུན་ཀྲང་ཁི་ཧོས་སྙུང་གཞིའི་དབང་གིས2024ལོའི་ཟླ1ཚེས11ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་བཅོ་བརྒྱད་ཀྱི་སྟེང་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་གོ་དྲུག་རེད།

བློ་མཐུན་ཀྲང་ཁི་ཧོས་ལ་སྙུང་གཞི་ལྕི་མོ་ཕོག་པའི་སྐབས་དང་སྐུ་གཤེགས་རྗེས་སུ། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་རྣམས་སྨན་ཁང་དུ་འཚམས་འདྲིར་ཕེབས་པའམ་ཡང་ན་ཐབས་ལམ་སྣ་ཚོགས་བརྒྱུད་དེ། བློ་མཐུན་ཀྲང་ཁི་ཧོས་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་པར་མ་ཟད། ཁོང་གི་གཉེན་ཉེ་ལ་འཚམས་འདྲི་ཞུས།

ཚེས17ཉིན་གྱི་སྔ་དྲོར། པ་པོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོམས་ཆེན་དུ་རྔམ་བརྗིད་ལྡན་ཞིང་མྱ་ངན་གྱི་རོལ་དབྱངས་དལ་གྱིས་གྲགས། ཚོམས་ཆེན་གྱི་ཡང་སྟེང་དུ་རས་གཞི་ནག་པོའི་ངོས་སུ་ཡི་གེ་དཀར་པོས“བློ་མཐུན་ཀྲང་ཁི་ཧོས་ལ་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ”ཞེས་པའི་འཕྲེད་ཡིག་བཀལ་ཡོད་པ་དང་། འཕྲེད་ཡིག་གི་འོག་ཏུ་བློ་མཐུན་ཀྲང་ཁི་ཧོས་ཀྱི་སྐུ་བརྙན་བཤམས་ཡོད། བློ་མཐུན་ཀྲང་ཁི་ཧོས་ཀྱི་སྐུ་གདུང་མེ་ཏོག་མང་པོའི་དཀྱིལ་དུ་བཞག་ཡོད་ཅིང་། ལུས་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀབ་འདུག

སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་དུ། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་མྱ་ངན་རོལ་དབྱངས་ཁྲོད་དལ་མོའི་ངང་བློ་མཐུན་ཀྲང་ཁི་ཧོས་ཀྱི་སྐུ་གདུང་མདུན་དུ་ཕེབས་ནས། ངག་བསྡམས་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ཀྲང་ཁི་ཧོས་ཀྱི་སྐུ་གདུང་ལ་གུས་འདུད་ལན་གསུམ་ཞུས་པར་མ་ཟད། བློ་མཐུན་ཀྲང་ཁི་ཧོས་ཀྱི་ནང་མི་ཚོར་རེ་རེ་བཞིན་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུས།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྱིས་སྐྱེལ་མ་བྱེད་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་མྱ་ངན་ཞུས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་ཀྲང་ཁི་ཧོས་སྐུ་འཚོ་བཞུགས་གནང་སྐབས་ཀྱི་མཛའ་གྲོགས་དང་ཕ་ཡུལ་གྱི་འཐུས་མིའང་སྐྱེལ་མ་བྱེད་དུ་ཡོང་།

བན་དེ་སྐྱབས་ཀྱིས་བསྒྱུར།