མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ1ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོར། རང་ཞིང་གིས་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་རྒྱལ་ཁབ་འཐབ་ཇུས་ཀྱི་གོ་སྐབས་གཙིགས་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་བའི་གཙོ་ཐིག་ལ་དམིགས་ནས་ཡོང་འཕར་མྱུར་གཏོང་བྱས་ལ། ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་པས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་དངོས་ཤུགས་བརྟན་བརླིང་ངང་ཇེ་མཐོར་སོང་བ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་འགན་སྲུང་བྱེད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བའི་ནུས་པ་མངོན་གསལ་སྒོས་ཇེ་དྲག་སོང་།

2023ལོར། ཞིང་ཆེན་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་ཐུན་སྔོན་རྩིས་ཡོང་སྒོ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལ་སླེབས་པ་དང་། བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་དགུ་འཕར་སྣོན་བྱུང་ལ། བསྟུད་མར་ཟླ་དགུའི་རིང་ལ་གྲངས་གནས་གཉིས་ཡན་གྱི་འཕར་ཚད་སྲུང་འཛིན་བྱས། ཀྲུང་དབྱང་གི་རིགས་མི་འདྲ་བའི་ཁ་གསབ་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བདུན་ཐེར་འབུམ་གསུམ་དུང་ཕྱུར་བདུན་བྱེ་བ་གསུམ་བརྩོན་ལེན་བྱས་པ་དང་། བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དགུ་འཕར་སྣོན་བྱུང་ལ། དོ་མཉམ་རང་བཞིན་དང་གཙོ་གནད་སྐྱེ་ཁམས་རྩོལ་ནུས་ཁུལ་གྱི་སྤོ་སྒྱུར་དངུལ་སྟེར་གྱི་འཕར་ཚད་བརྒྱ་ཆའི་བཅུའི་ཡན་ལ་སླེབས་ཤིང་། སྤྱིའི་གྲངས་ཚད་དང་འཕར་ཚད་ལོ་རྒྱུས་སྟེང་ཆེས་མཐོ་བར་སླེབས་པ་དང་། འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་ལས་གཞིའི་གྲངས་ཀ་དང་མ་དངུལ་གྱི་གྲངས་ཚད་བརྩོན་ལེན་བྱེད་པའི་ཐད་ནས་མཐོར་འདེགས་བྱུང་། མ་དངུལ་དང་རྒྱུ་ནོར་ཐོན་ཁུངས་ལ་གཅིག་འདོམས་བྱས་པ་དང་། གྲུབ་འབྲས་མེད་པའི་ལས་གཞིའི་ཐད་ཀྱི་མ་དངུལ་ལེགས་སྒྲིག་དང་ཕྱིར་བསྡུ་བྱས་ནས་ཉེར་མཁོའི་ཁྱབ་ཁོངས་དང་གཙོ་གནད་འགྲོ་སོང་ཐད་བཀོལ་སྤྱོད་བྱས། ནོར་སྲིད་འགྲོ་སོང་ཐད་ནས་མྱུར་གཏོང་ནུས་སྤེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་ཐུན་སྔོན་རྩིས་འགྲོ་སོང་དེ་སྒོར་ཁྲག་ཁྲིག་གཉིས་ཀྱི་སྟེགས་བུ་གསར་བ་རུ་སླེབས་ལ། སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་དུང་ཕྱུར་བརྒྱད་བྱེ་བ་བདུན་ལ་སླེབས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་དང་གྲངས་ཆུང་བརྒྱད་འཕར་སྣོན་བྱུང་ནས། དུས་ཐོག་ཏུ་ནོར་སྲིད་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས།

སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་གཙོར་འཛིན་པའི་འཐབ་ཇུས་ལ་འགན་སྲུང་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ནོར་སྲིད་མ་དངུལ་གཏོང་ཚད་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བཞི་དུང་ཕྱུར་གསུམ་བྱེ་བ་དྲུག་ས་ཡ་བདུན་ལ་སླེབས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བདུན་དང་གྲངས་ཆུང་གཅིག་འཕར་སྣོན་བྱུང་ལ། ལོ་ཧྲིལ་བོའི་སྤྱིའི་འགྲོ་སོང་གི་བརྒྱ་ཆའི་བཅུ་གཅིག་ལྷག་ཟིན། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱེད་ཐབས་ཕྱིར་བཏོན་སྟེ། འགོ་ཁུངས་དང་མ་ཆུའི་བཞུར་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ་དང་ཆུའི་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་། ཞིང་ཆེན་རིམ་པའི་རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་མ་དངུལ་བཙུགས་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ནོར་སྲིད་རྒྱབ་སྐྱོར་མ་ལག་ཇེ་བརྟན་དུ་བཏང་། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲལ་དངུལ་སྲིད་ཇུས་ཀྱི་སྣེ་ཁྲིད་གཏན་འབེབས་བྱས་ཏེ། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ནོར་ཁྲལ་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་།

སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཉེན་ཁ་ཆེན་པོ་འགོག་ཟོན་ཐག་གཅོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་བྱས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་ལྔ་གཅིག་འདོམས་བྱས་ལ། ཉེན་སེལ་གནོས་སྐྱོབ་འགན་སྲུང་བྱ་བ་མྱུར་དུ་སྤེལ་ནས། ནུས་པ་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས།

རིན་ཆེན་མཚོས་བསྒྱུར།