ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད།
2024.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ སྲིད་འཛིན་ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ཞེས་པ་ཁྱབ་སྒྲོག་བྱས་པ་དང་། ཁྱབ་སྒྲོག་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཇུས་གཞིའི》བླང་བྱ་ལྟར་དུ། སྲིད་འཛིན་ཁྲིམས་སྲོལ་མ་ལག་གི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན། ཕན་འབྲས་རང་བཞིན་བཅས་ལ་འགན་ལེན་བྱེད་ཆེད་དང་། སྲིད་གཞུང་གི་འགན་ནུས་ཚུལ་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་གཅིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་དོན་ཚན་གཉིས་ལ་བཟོ་བཅོས་རྒྱག་རྒྱུ་གཏན་འབེབས་བྱས་པ་སྟེ།

གཅིག་ནས《ཀྲུང་གོ་མི་དམངས་དངུལ་ཁང་གི་དངུལ་ལོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུ་དེ་ཡིན་ཞིང་། དེའི་ནང་གཙོ་བོར་དངུལ་ལོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཐད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་གཏན་འབེབས་ཁ་གསལ་བཟོས་པ་དང་། དངུལ་ལོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་དང་མི་སྣ་ལེགས་སྒྲིག་བྱ་རྒྱུ་སོགས་ཚུད་ཡོད།

གཉིས་ནས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཁང་བྱང་བུའི་ཞིབ་རྩིས་སྒྲིག་གཞིའི་ཆོག་འཐུས་དོ་དམ་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ལ་བཟོ་བཅོས་བརྒྱབ་ནས། ཡིག་ཆའི་ནང་གི“ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང”ཞེས་པ་དེ“རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ་དེ་ཡིན།

གསུམ་ནས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་ཟིའི་ཞུགས་འཐུས་དོ་དམ་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཆོད་དོན》ལ་བཟོ་བཅོས་བརྒྱབ་སྟེ། དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་ཟིའི་ཞིབ་མཆན་འགོད་པ་དང་ལྟ་སྐུལ་དོ་དམ་བྱེད་པོ“ཀྲུང་གོ་མི་དམངས་དངུལ་ཁང”ཞེས་པ་དེ“རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ་དེ་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།