
ས་དེའི་དུས་ཚོད་ཟླ1ཚེས17ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཏུའུ་པོ་ལིན་རྒྱལ་མགྲོན་ཁང་དུ། ཨིར་ལན་གྱི་ཙུང་ལི་ཝ་ལཱ་ཏི་ཁཱ་དང་གྲོས་མོལ་གནང་།
ལིས་ཆང་གིས་ཀྲུང་གོ་དང་ཨུར་ལན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བའི་རིང་ལ། ཕྱོགས་གཉིས་ཀའི་འབྲེལ་བས་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ལྷག་པར་དུ་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཞི་ཅིན་ཟིའི་འཐབ་ཇུས་སྣེ་སྟོན་འོག་ཏུ། རྒྱལ་ཁབ་གཉིས་ཀའི་གཉིས་ཕན་འཐབ་ཇུས་རོགས་རེས་འབྲེལ་བ་ཉིན་བཞིན་ཇེ་དམ་དུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུར་ལན་ཕྱོགས་དང་མཉམ་དུ། སྲོལ་རྒྱུན་མཛའ་མཐུན་དར་སྤེལ་གཏོང་བ་དང་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་བརྟན་དུ་གཏོང་བ། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་གང་ལེགས་བཅས་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨུར་ལན་ཕྱོགས་དང་མཉམ་དུ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་རྒྱུན་འཁྱོངས་བྱས་ཏེ། མཐུན་པ་ཡོང་ཐབས་འཚོལ་བ་དང་མི་མཐུན་པ་སོར་འཇོག་བྱེད་པ། ཕན་ཚུན་བསམ་ཤེས་བྱེད་ཚད་ཇེ་ཆེར་གཏོང་བ་བཅས་བྱས་ནས། གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་གཉིས་ཕན་གཉིས་རྒྱལ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་མཉམ་ལས་ཀྱི་ཟླ་གྲོགས་གལ་ཆེན་དང་འཕེལ་རྒྱས་ཀྱི་གོ་སྐབས་སུ་བརྩིས་ནས། ཚོང་དོན་གྱི་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དང་རྒྱུན་མཐུད་ཞིང་ལས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། གཞི་གྲངས་དཔལ་འབྱོར་དང་སྐྱེ་དངོས་གསོ་རིག མིས་བཟོས་རིག་ནུས་སོགས་གསར་གཏོད་མཉམ་ལས་ཁྱབ་རྒྱ་ཆེ་རུ་གཏོང་བ། མཉམ་ལས་ཀྱི་ཁྱབ་རྒྱ་སྔར་ལས་་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་གཉིས་ཀའི་མི་སྣ་འགྲོ་འོང་ལ་སྟབས་བདེ་ཡོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཨུར་ལན་ཕྱོགས་རྐྱང་པར་ཐོངས་མཆན་འགོད་མི་དགོས་པའི་ཐོབ་ཐང་སྤྲོད་རྒྱུ་ཡིན། ཨུར་ལན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་སྒོ་འབྱེད་དང་དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་ལྟོས་ཆེ། ཀྲུང་གོ་ཕྱོགས་ཀྱིས་ཨུར་ལན་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨུར་ལན་གྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།
ཝ་ལཱ་ཏི་ཁཱ་ཡིས་ཀྲུང་གོ་ནི་ཨུར་ལན་གྱི་མཉམ་ལས་ཟླ་གྲོགས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཨུར་ལན་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་བསྟོད་བསྔགས་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་ལ་དུས་རྣམ་ཀུན་ཏུ་བརྩི་སྲུང་ནན་མོ་ཞུས་ནས། ཀྲུང་གོ་གང་མགྱོགས་ངང་ཞི་བས་གཅིག་གྱུར་ཡོང་བར་རེ་ལྟོས་བྱེད་ཀྱིན་ཡོད། ཨུར་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཕྱོགས་གཉིས་ཀའི་དངུལ་གཏོང་རྒྱ་ཆེར་གཏོང་རྒྱུ་དང་། ཞིང་ལས་དང་འབྲེལ་བའི་ཟས་རིགས་དང་གསར་གཏོད། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། སློབ་གསོ་དང་མི་གཞུང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཨུར་ལན་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་དམངས་ཨུར་ལན་རྒྱལ་ཁབ་ལ་ཡོང་བར་སྟབས་བདེ་སྔར་ལས་གང་མང་བསྐྲུན་རྒྱུར་བསམ་བློ་གཏོང་བཞིན་ཡོད་ཅིང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཨུར་ལན་དུ་ཡོང་ནས་དངུལ་གཏོང་དང་ལས་སྐྲུན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཨུར་ལན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་བར་གྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་འཕེལ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན།
གྲོས་མོལ་མ་བྱས་པའི་སྔོན་ལ། ཝ་ལཱ་ཏི་ཁཱ་ཡིས་ལིས་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས། ལིས་ཆང་གིས་ཨུར་ལན་གྱི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།
བན་དེ་སྐྱབས་ཀྱིས་བསྒྱུར།