ཝང་ཧུའུ་ཉིང་གིས་འཇར་པན་སྤྱི་ཚོགས་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2024.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ1པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ། འཇར་པན་སྤྱི་ཚོགས་དམངས་གཙོ་ཏང་གི་མགོ་གཙོ་ཧྥུའུ་ཏའོ་རོས་སུའེ་ཡིས་སྣེ་ཁྲིད་པའི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།

ཝང་ཧུའུ་ཉིང་གིས་ན་ནིང་གི་ཟླ་བཅུ་གཅིག་པའི་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་མཇལ་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་ཐུན་མོང་ངོས་འཛིན་ལ་བརྩི་སྲུང་ཞུས་ནས། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡང་བསྐྱར་གཏན་འཁེལ་བྱས།  ཕྱོགས་གཉིས་ཀས“ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་བསྐྲུན་པའི”སྙིང་སྟོབས་ལ་བརྟེན་ནས། ཕྱི་རོལ་ཡུལ་དང་མཐུན་ལ་ཚུལ་མཐུན་གྱི་སྒོ་ནས་ཕན་ཚུན་གྱི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་གང་ལེགས་བྱས་ཏེ། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་འཇར་པན་བར་འབྲེལ་གཏུག་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། དེའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།

ཧྥུའུ་ཏའོ་རོས་སུའེ་ཡིས་འཇར་པན་སྤྱི་ཚོགས་དམངས་གཙོ་ཏང་གིས་ད་ཐེངས་འཚམས་འདྲི་བྱེད་པའི་དམིགས་ཡུལ་གཙོ་བོ་ནི། འཇར་པན་དང་ཀྲུང་གོའི་ཞི་བདེ་མཛའ་མཐུན་འབྲེལ་བ་ཡང་བསྐྱར་གཏན་འཁེལ་བྱ་རྒྱུ་དེ་ཡིན། འཇར་པན་གྱིས་ཀྲུང་གོར་བཙན་འཛུལ་དམག་འཁྲུག་བསླངས་པ་དེས་ཀྲུང་གོར་གནོད་འཚེ་ཆེན་པོ་བཟོས་ཡོད་པའི་དབང་གིས། ང་ཚོས་སྙིང་ཁོང་ནས་དགོངས་དག་ཞུས་པ་ཡིན། སྤྱི་ཚོགས་དམངས་གཙོ་ཏང་གིས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་དེ་ཕྱོགས་གཉིས་ཀའི་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་རྨང་གཞི་གཞིར་བཟུང་ནས། སྔར་ལས་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཧྲི་ཐའེ་ཧྥུན་དང་ཝང་ཏུང་ཧྥུན་སོགས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།