ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་སྦྱོང་གྲོལ།
2024.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ1པའི་ཚེས19ཉིན་གྱི་ཕྱི་དྲོར། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་སྦྱོང་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་སློབ་སྦྱོང་གྲོལ་བའི་མཛད་སྒོར་ཞུགས་ནས་སྤྱི་སྡོམ་གསུང་བཤད་གནང་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དོན་བགྲོ་གླེང་འཛིན་གྲྭའི་མགོ་ཚུགས་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དེ་ནི། ཀྲུང་དབྱང་དངུལ་རྩའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཀློག་འགྲེལ་ཟབ་མོ་ཞིག་དང་མ་ལག་ཚང་བའི་ཁྲིད་སྟོན་ཞིག་ཡིན་ལ། དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་ཐད་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་གནང་བ་ཞིག་ཀྱང་ཡིན་པས། དངུལ་རྩའི་ལས་དོན་ཐད་དར་ཆ་གསལ་སྟོན་དང་ཁ་ཕྱོགས་གཏན་འཁེལ། བཀོད་སྒྲིག་གནད་ཁེལ་བཅས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན། ང་ཚོས་གསུང་བཤད་གལ་ཆེན་དེར་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་།  “འདུ་ཤེས་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “ཡིད་རྟོན་བཞི”ཇེ་དྲག་ཏུ་གཏོང་བ། ”“སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པ་བཅས་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཆེ་རུ་གཏོང་དགོས།

བགྲོ་གླེང་འཛིན་གྲྭའི་རིང་། སློབ་མ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་སྒོས་བགྲོ་གླེང་བརྗེ་རེས་གཏིང་ཟབ་བྱས་པའི་དབང་གིས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་གཏོང་བའི་བགྲོད་ལམ་སྟེང་བསྐྱོད་རྒྱུ་དང་། དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་བཏང་སྟེ་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་རམ་འདེགས་བྱེད་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་མངོན་སུམ་ཆེ་རུ་ཕྱིན་ཡོད། སློབ་སྦྱོང་གྲོལ་བའི་མཛད་སྒོའི་སྟེང་། བགྲོ་གླེང་འཛིན་གྲྭའི་འཐུས་མི་བཅུ་ཡིས་གཏམ་བཤད་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་སྙན་ཞུར་ཕུལ་བ་དང་དེ་འབྲེལ་གྱི་བརྗེ་རེས་བྱས།

ལིས་ཀན་ཅེ་ཡིས་སློབ་སྦྱོང་གྲོལ་བའི་མཛད་སྒོར་མགོ་འཛིན་བྱས་པ་དང་། ལིས་ཧྲུའུ་ལེ་དང་ཁྲིན་ཝུན་ཆིན། ལིག་ཅིན་གོ ཝང་ཞའོ་ཧུང་། ཁྲིན་ཞི་བཅས་སློབ་སྦྱོང་གྲོལ་བའི་མཛད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།