“རྒྱལ་ཁབ་ཀྱི་བཟོ་སྐྲུན་པའི་བྱ་དགའི”དཔྱད་འདེམས་གཟེངས་བསྟོད་ཐོག་མ་སྤེལ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། གཟེངས་བསྟོད་ཐོབ་པའི“རྒྱལ་ཁབ་ཀྱི་ཕུལ་བྱུང་བཟོ་སྐྲུན་པ”དང“རྒྱལ་ཁབ་ཀྱི་ཕུལ་བྱུང་བཟོ་སྐྲུན་པའི་ཚོགས་པར”སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བཟོ་སྐྲུན་པ་ནི་མིའི་རིགས་ལ་བདེ་སྐྱིད་སྟེར་བ་དང་འབྱུང་འགྱུར་བསྐྲུན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་འཐབ་ཇུས་འཇོན་མིའི་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ད་ཐེངས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཚོགས་པ་ནི་རང་རྒྱལ་གྱི་རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་མི་སྣའི་ཕུལ་བྱུང་འཐུས་མི་དང་རྒྱ་ཆེའི་བཟོ་སྐྲུན་པའི་མིག་དཔེ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་འབྱུང་འགྱུར་ལ་ཁ་ཕྱོགས་པར་བཟོ་སྐྲུན་ལག་རྩལ་གྱི་འཇོན་མིའི་རང་བརྟེན་གསོ་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། བཟོ་སྐྲུན་པའི་སྤྱི་ཚོགས་ཀྱི་གོ་གནས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། ཁོང་ཚོ་འཇོན་མི་རུ་གྱུར་ནས་བྱས་རྗེས་འཇོག་པར་ཆ་རྐྱེན་གང་ཡོད་བསྐྲུན་པ། སྤྱོད་ཡོན་གཉིས་ལྡན་དང་དཀའ་སྤྱད་སྙིང་རུས། འགག་གཏོར་དཀའ་སེལ། གསར་གཏོད་སྔོན་བརྩོན་བཅས་ཀྱི་རྣམ་པ་བསྐྲུན་པ། གཞི་ཁྱོན་ཆེ་བའི་ཕུལ་བྱུང་བཟོ་སྐྲུན་པའི་དཔུང་སྡེ་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱེད་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་མི་སྣས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཕུགས་བསམ་བརྟན་པོ་བཅངས་ནས། འགག་རྩ་དང་ལྟེ་བར་གྱུར་བའི་ལག་རྩལ་འགག་སྒྲོལ་བྱེད་ཕོད་པ་དང་བཟོ་སྐྲུན་སྤུས་དག་ཅན་བསྐྲུན་ཕོད་པ། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་གང་མགྱོགས་ཀྱིས་མངོན་འགྱུར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་དུ་འགྱུར་བར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།
“རྒྱལ་ཁབ་ཀྱི་བཟོ་སྐྲུན་པའི་བྱ་དགའི”གཟེངས་བསྟོད་ཚོགས་ཆེན་ཟླ1པའི་ཚེས19ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་གཟེངས་བསྟོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཆི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་ཏེ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་གནང་།
ཚའེ་ཆི་ཡིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་མཛུབ་སྟོན་གལ་ཆེན་གནང་ནས། གཟེངས་བསྟོད་ཐོབ་མཁན་གྱི་མི་སྒེར་དང་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་མི་སྣར་རེ་བ་ནན་མོ་བཏོན་པ་དེའི་སྟེང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཟོ་སྐྲུན་ལག་རྩལ་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བཟོ་སྐྲུན་ལག་རྩལ་མི་སྣར་བྱམས་བརྩེའི་ངང་ཐུགས་ཁུར་གནང་བཞིན་པ་མངོན་པར་མཚོན་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་དམ་པོར་དམིགས་ནས། དེར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས།
ཚའེ་ཆི་ཡིས་སྤྱོད་ཡོན་གཉིས་ལྡན་གྱི་བཟོ་སྐྲུན་པ་འབོར་ཆེན་སྐྱེད་སྲིང་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་ཀྱི་འཕེལ་རྒྱས་ཇུས་ཆེན་ཞིག་ཡིན། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། འཇོན་མིར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་ནན་མོ་བྱས་ཏེ། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་བཟོ་སྐྲུན་ལག་རྩལ་འཇོན་མིའི་ལས་དོན་ཡག་པོ་བསྒྲུབ་དགོས། རང་བརྟེན་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་པ་དང་། སྒྲིག་སྲོལ་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་གཏོང་བར་ཤུགས་སྣོན་པ། སྒོ་འབྱེད་བརྗེ་རེས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པར་ཤུགས་རྒྱག་པ། བཟོ་སྐྲུན་ལག་རྩལ་མི་སྣའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཀན་ཅེ་ཡིས་ཚོགས་ཐོག་ནས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ཀྱི་ཕུལ་བྱུང་བཟོ་སྐྲུན་པ་དང་ཕུལ་བྱུང་བཟོ་སྐྲུན་པའི་ཚོགས་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་བྱས། ལིས་ཧྲུའུ་ལེ་དང་ཐེ་ཉིན། ཝུའུ་ཀྲིན་ལུང་། ཁྲིན་ཝུའུ། ཅང་ཞིན་ཀྲི མེའོ་ཧྭ་བཅས་ཚོགས་ཆེན་ལ་ཞུགས། ཀྲང་གོ་ཆིན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།