རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་འཚམས་འདྲི་ཚོགས་པ་མཚོ་སྔོན་ལ་ཡོང་ནས་དྲོད་ཁོལ་སྐྱེལ་བའི་བྱེད་སྒོ་སྤེལ།
2024.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཚེས་བཅོ་ལྔ་ནས་བཅུ་བདུན་བར། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་ཙུའུ་ཁོངས་མི། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཅའོ་ཕིན་གྱིས་འཚམས་འདྲི་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་ལ་ཡོང་ནས་དུས་ཆེན་གཉིས་ལ་དྲོད་ཁོལ་སྐྱེལ་བའི་བྱེད་སྒོ་སྤེལ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་འཁུར་པས་དེ་དང་མཉམ་དུ་འཚམས་འདྲི་ཞུས།

འཚམས་འདྲི་ཚོགས་པ་སྔ་ཕྱིར་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་དང་མིན་ཧོ་རྫོང་མི་དམངས་སྨན་ཁང་གཉིས་པ། མཚོ་སྔོན་ཡེ་ཧྭ་ཀུའེ་ལས་རིགས་ཚད་ཡོད་ཀུང་ཟི། འོད་ནུས་བརྡར་གཟུགས་ཚད་ཡོད་ཀུང་ཟི། ཟི་ལིང་གྲོང་ཁྱེར་གཞུང་ལམ་ཟོག་དངོས་སྐྱེལ་འདྲེན་ལས་རིགས་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཧྲུན་ཧྥུན་མྱུར་སྐྱེལ་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་དང་ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱི་ལས་བཟོ་པའི་ཞབས་ཞུ་ལྟེ་གནས། ལྔ་གཅིག་བཟོ་པའི་རིག་གནས་ཁང་། བཟོ་ཚོགས་ས་ཚུགས་བཅས་ལ་སོང་ནས་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ། ཡོམ་འགོག་རྒུད་སྐྱོབ་ཀྱི་ལས་ཡུལ་དང་པོའི་ལས་བཟོ་པས་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་མུ་མཐུད་དུ་བཟོ་པ་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་བཏོན་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བྱ་བའི་ཁྲོད་སླར་ཡང་བྱས་རྗེས་འཇོག་པའི་སྐུལ་མ་བཏང་བར་མ་ཟད། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་ལ་སོང་སྟེ་ལས་ཡུལ་དང་པོའི་ལས་བཟོ་པར་འཚམས་འདྲི་ཞུས་པ་དང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཚབ་བྱེད་ནས་དཀའ་ཁག་ཡོད་པའི་ལས་བཟོ་པའི་ཁྱིམ་ཚང་ལ་ལོ་སར་གྱི་འཚམས་འདྲི་སྐྱེལ།

འཚམས་འདྲི་ཚོགས་པས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ལས་བཟོ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་དགེ་མཚན་འདོན་སྤེལ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་རིན་ཐང་གཉེར་ཕྱོགས་རྒྱུན་འཁྱོངས་བྱེད་པ། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་ཐབས་དང་ཐབས་ལམ་གསར་གཏོད་བཅས་བྱས་ནས། རྒྱ་ཆེའི་ལས་བཟོ་པས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས། ལས་བཟོ་པའི་རང་དངོས་དགོས་མཁོར་དམིགས་པ་དང་། ཐོན་ཁུངས་ལེགས་སྒྲིག་ལ་ཤུགས་བསྣན་ནས།དཀའ་ཁག་ཡོད་པའི་ལས་བཟོ་པ་དང་། ངལ་རྩོལ་པ་དཔེ་བཟང་ཅན། ལས་ཡུལ་དང་པོའི་ལས་བཟོ་པ་བཅས་ལ་ཞབས་ཞུའི་འགན་སྲུང་སྔར་ལས་བཟང་པོར་བསྒྲུབ་དགོས། སྒོ་ཕྱིའི་ངལ་རྩོལ་པའི་ཞབས་ཞུའི་ས་ཚུགས་དང་། བཟོ་པའི་རིག་གནས་ཁང་། བཟོ་ཚོགས་ཀྱི་དབུལ་སྐྱོར་ཞབས་ཞུ་ལྟེ་གནས་བཅས་ཀྱིས་འགན་ནུས་རྒྱ་བསྐྱེད་དེ། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པ་དང་རྒྱ་ཆེའི་ལས་བཟོ་མང་ཚོགས་ལ་ཆེད་ལས་ཅན་དང་། ཞིབ་ཚགས་ཅན། སྤྱི་ཚོགས་ཅན་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ནས། ལས་བཟོ་པའི་འཚོ་བའི་སྤུས་ཀ་རྒྱུན་མཐུད་སྒོས་ཇེ་མཐོར་གཏོང་དགོས།

ལྷ་མོ་འཚོས་བསྒྱུར།