ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་ཀྱིན་པའི་ཏང་དངུལ་ཁྲོད་ནས་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་བརྒྱད་བཏང་སྟེ་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
2024.01.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཞི་རིམ་གྱི་ཏང་འཛུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གིན་པ་དང་། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པར་གཅེས་སྐྱོང་དང་ཐུགས་ཁུར་གང་ལེགས་གནང་བ་མངོན་པར་མཚོན་ཆེད། ཉིན་འགའི་སྔོན་ལ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་ཀྱིན་པའི་ཏང་དངུལ་ཁྲོད་ནས་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་བརྒྱད་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་སྤེལ་བར་ཁ་གསབ་བྱས་ནས། གཞུང་དོན་དུ་རང་སྲོག་ཤོར་བའི་ཏང་ཡོན་དང་ལས་བྱེད་པའི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་བརྒྱ་དང་དྲུག་ཅུ་ཡིས་རྫོང་རིམ་པའི་ཏང་གི་སློབ་གྲྭར་བརྟེན་ནས། གྲོང་གསེབ་དར་སྤེལ་གཏོང་བའི་ཆེད་དོན་གསོ་སྦྱོང་དང་གྲོང་གསེབ་ཀྱི་ཏང་ཡོན་གཅིག་སྡུད་རེས་སྐོར་གསོ་སྦྱོང་སོགས་སྤེལ་བར་བཀོལ་རྒྱུ་རེད། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་མ་ལག་ཆ་ཚང་བའི་མ་དངུལ་དོན་འཁྱོལ་བྱས་ཏེ། ཞིབ་རྩིས་རྒྱག་མཁས་བྱེད་པ་དང་མ་དངུལ་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ། ཆེད་དངུལ་ཆེད་སྤྱོད་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་དངུལ་གྱི་ཆབ་སྲིད་ནུས་པ་དང་སློབ་གསོའི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།