ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས།
ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་གཉིས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་དང་། མཚོ་སྔོན་མགྲོན་ཁང་། གསར་འགྱུར་ཁྱབ་སྒྲོག་ཚོམས་ཁང་སོགས་ཀྱི་ཡུལ་དངོས་སུ་སོང་སྟེ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ལས་རིམ་ཁག་གི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས།
ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན་སོགས་ཀྱིས་སྔ་གཞུག་ཏུ་ཚོགས་རའི་བཀོད་སྒྲིག་དང་། ཚོགས་ཆེན་ཐད་གཏོང་། འགྲིམ་འགྲུལ་བདེ་འཇགས། བཅའ་སྡོད་བྱེད་སའི་ཟ་འཐུང་དང་སྡོད་གནས། བརྡ་འཕྲིན། གློག་ཤུགས། མེ་འགོག རྗེས་གྲབས་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་ཞིབ་ལྟ་བྱས་ཏེ། གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཚན་ཆུང་སོ་སོའི་ལས་བྱེད་མི་སྣར་བཀའ་དྲིན་ཞུས་ཤིང་། ཞིབ་ཚགས་ཀྱི་གནད་དོན་རེ་འགར་བཅོས་སྒྱུར་བསམ་ཚུལ་བཏོན་པར་མ་ཟད། ཚོགས་ཆེན་གྲ་སྒྲིག་ཚན་ཁག་གི་ཚན་ཆུང་སོ་སོས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།
ཝང་ལིས་མེན་དང་། དབྱང་ཧྥིན་ཁྲུན་གཉིས་ཀྱིས་བཤད་རྒྱུར། ལོ་གཅིག་གི་ནང་ཐེངས་གཅིག་འཚོགས་པའི་ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། ཆབ་སྲིད་གླེང་བའི་མཐོ་ཚད་ནས་གཟབ་ནན་གྱི་ལྟ་སྟངས་འཛིན་དགོས། སྤྱི་དོན་སེམས་ལ་བཟུང་སྟེ། འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྔར་ལས་ལྷག་པར་ཞབས་ཞུ་བྱ་བའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཇེ་མཐོར་གཏོང་དགོས། ཚད་མཐའི་བསམ་བློ་འཁྱོངས་པར་བྱས་ཏེ། བདེ་འཇགས་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་། མེ་འགོག་བདེ་སྲུང་སོགས་ཕྱོགས་ཀྱི་གྲ་སྒྲིག་འདང་ངེས་བྱས་ནས། ནོར་འཆུག་ཅི་ཡང་མི་འབྱུང་བར་ཁག་ཐེག་བྱེད་དགོས། འགན་འཁྲི་ཇེ་ནན་དང་ལྷག་ཤོར་ཁ་གསབ་བྱས་ཏེ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དང་། ཞིང་ཅིང་གཟབ་ནན་གྱི་བྱེད་ཕྱོགས་དང་སྤུས་ཚད་མཐོ་བའི་བྱེད་ཐབས་སྤྱད་ནས་ཞབས་ཞུ་དང་། དྲིལ་སྒྲོག ཚོགས་དོན་འགན་སྲུང་དང་གྲོས་ཚོགས་རྗེས་ཀྱི་སྤྱི་སྡོམ་སོགས་བྱ་བ་ཡག་པོར་བསྒྲུབ་དགོས་ལ། ཞིབ་ཚགས་ཀྱིས་མགོ་རྩོམ་པ་དང་གཟབ་ནན་གྱིས་སྒྲུབ་པ། སྤུས་ཚད་མཐོ་བའི་གྲུབ་འབྲས་བླངས་ནས། ནུས་ཤུགས་ཡོད་རྒུས་ཚོགས་ཆེན་བདེ་ལེགས་ངང་འཚོགས་པར་ཁག་ཐེག་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།