ཞི་ཅིན་ཕིང་གིས་ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་ཀྲིན་ཞོང་རྫོང་དུ་རི་ཉིལ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་།
2024.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ1ཚེས22ཉིན་གྱི་ཆུ་ཚོད་དྲུག་ཡས་མས་སུ།  ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ཀྲིན་ཞོང་རྫོང་ཐཱང་ཧྥང་གྲོང་རྡལ་ལེང་ཧྲུའེ་སྡེ་བར་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་ཁྱིམ་ཚང་བཅོ་བརྒྱད་ཀྱི་ཁང་བ་བསྣུབས་པ་དང་མི་ཞེ་བདུན་ལ་འབྲེལ་བ་ཆད།

གནོད་འཚེ་བྱུང་རྗེས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།   ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོང་ཆེན་ཚད་མཐོན་པོ་གནང་བར་མ་ཟད་མཛུབ་སྟོན་གལ་ཆེན་གནང་སྟེ།  རོགས་སྐྱོར་སྟོབས་ཤུགས་མྱུར་དུ་རྩ་འཛུགས་བྱས་ནས་སྟོབས་ཤུགས་ཡོད་རྒུས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱས་ཏེ་འབད་བརྩོན་ཆེན་པོས་མི་སྣ་ཤི་རྨས་ཀྱི་ཚད་ཇེ་ཉུང་དུ་གཏོང་དགོས།   ལྟ་ཞིབ་ཚད་ལེན་དང་སྔོན་བརྡར་ཤུགས་སྣོན་པ་དང་ཚན་རིག་ལྟར་འཚོལ་སྐྱོབ་བྱས་ནས་གནོད་འཚེ་ཡང་བསྐྱར་འབྱུང་བར་འགོག་ཟོན་བྱེད་དགོས།   འདས་པོའི་ཁྱིམ་མིར་སེམས་གསོ་བྱེད་པ་དང་གནོད་ཐེབས་མང་ཚོགས་བདེ་འགོད་སོགས་བྱ་བ་བཟང་བོར་བསྒྲུབ་དགོས་པའི་བླང་བྱ་བཏོན།   ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བ་དང་།  གནམ་གཤིས་གྲང་མོའི་ཤུགས་རྐྱེན་ཐེབས་པས་རང་བྱུང་གནོད་འཚེ་དང་འགྲིམ་འགྲུལ་དོན་རྐྱེན།   བདེ་འཇགས་ཐོན་སྐྱེད་སོགས་ཐད་ཀྱི་དོན་རྐྱེན་འབྱུང་སླ་བ་དང་འབྱུང་ཐེངས་མང་བས།  ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཉེན་ཁའི་མི་མངོན་པའི་རྐྱེན་ངན་ལ་དམ་དུ་དམིགས་ཏེ་ཕྱོགས་སོ་སོའི་འགན་འཁྲི་ཇེ་ཞིབ་ཏུ་གཏོང་བ་དང་བྱ་བ་དོན་འཁྱོལ་དམ་འཛིན་བྱེད་པ།    མི་སྣ་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་བར་འགོག་ཟོན་དང་སྔོན་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ།    སྟོབས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་རྩ་འཛུགས་བྱེད་པ་དང་དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་ཏེ་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱེད་པ།   འབད་བརྩོན་ཆེན་པོས་མི་སྣ་ཤི་རྨས་ཀྱི་ཚད་ཇེ་ཉུང་དུ་གཏོང་བ་བཅས་བྱེད་དགོས་པ་དང་།   དེ་དང་མཉམ་དུ་མཐའ་འཁོར་གྱི་ས་གཤིས་གནོད་འཚེའི་མངོན་མེད་ཉེན་ཁར་ཞིབ་བཤེར་ནན་མོ་བྱས་ཏེ་ཉེན་ཁའི་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་དང་སྔོན་བརྡར་ཤུགས་སྣོན་དགོས་པ་དང་གནོད་འཚེ་ཡང་བསྐྱར་འབྱུང་བར་འགོག་ཟོན་ནན་མོ་བྱེད་དགོས།    དོན་རྐྱེན་བྱུང་ས་ནི་གྲང་ངར་ཆེ་བའི་རི་ཁུལ་དང་མི་རིགས་ས་ཁུལ་ཡིན་པས།  གནོད་ཐེབས་མང་ཚོགས་མྱུར་དུ་གནས་སྤོར་བྱེད་པ་དང་བདེ་འགོད་བྱ་བ་བཟང་བོར་སྒྲུབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བཟང་བོ་བྱེད་པ་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན།

ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལིས་ཆང་གི་བླང་བྱ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་བྱ་བའི་ཚན་ཆུང་ཁྲིད་དེ་ཡུན་ནན་ལ་སོང་སྟེ་ཡུལ་དངོས་ནས་འཚོལ་སྐྱོབ་བྱ་བར་མཛུབ་སྟོན་བྱས་པ་དང་། རང་བྱུང་ཐོན་ཁུངས་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་འཕྲལ་བསྟུན་བྱེད་ཐབས་སྤྱད། ཡུན་ནན་ཞིང་ཆེན་དང་ཀྲའོ་ཐུང་གྲོང་ཁྱེར་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད། མིག་སྔར། ལས་དོན་སྣ་ཚོགས་བྲེལ་མྱུར་ཆེ་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་བཞིན་ཡོད།