ཞི་ཅིན་ཕིང་གིས་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་ཁེན་ནི་ཡའི་ཕྱི་འགྲིམ་སློབ་མ་དང་སློབ་གྲོགས་ཀྱི་འཐུས་མིར་ཡིག་ལན་བསྐུར།
2024.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ1ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་ཁེན་ནི་ཡའི་ཕྱི་འགྲིམ་སློབ་མ་དང་སློབ་གྲོགས་ཀྱི་འཐུས་མིར་ཡིག་ལན་བསྐུར་ནས། ཁོ་ཚོར་ཀྲུང་གོ་དང་ཁེན་ནི་ཡ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་བྱ་གཞག་ལ་མུ་མཐུད་ཤུགས་སྣོན་དགོས་པའི་ཐད་ནས་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁེན་ནི་ཡའི་མཛའ་མཐུན་ལ་ལོ་རྒྱུས་རིང་བོ་ལྡན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དར་རྒྱས་ཀྱི་ཕུགས་བསམ་དེ་དོན་དངོས་སུ་བསྒྱུར་ངེས་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་བདེ་སྐྱིད་དམ་པོར་སྦྲེལ་ངེས་ཡིན། མིན་པ་ས་ནས་ནེ་རོ་པེ་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པའི་ལས་གཞི་གཙོ་བོ་དང་ལེགས་འགྲུབ་ཀྱི་དཔེ་མཚོན་ཞིག་ཡིན། ཁྱོད་ཚོས“བདེ་སྐྱིད་ཀྱི་ལམ་བུ”འདི་ལ་བརྟེན་ནས་ཀྲུང་གོའི་བར་འབྲེལ་བ་བཙུགས་པ་དང་། ཀྲུང་གོ་དང་ཁེན་ནི་ཡ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ལ་བདེན་དཔང་བྱེད་མཁན་དང་ཕན་པ་ཐོབ་མཁན་ཡིན་ལ། འཛུགས་སྐྲུན་མཁན་དང་བརྒྱུད་སྒྲོག་མཁན་ཡང་ཡིན་པ་ངས་དགའ་སྤྲོའི་ངང་མཐོང་བྱུང་ཞེས་གསུངས།

ཞི་ཅིན་ཕིང་གིས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། “རྒྱུད་གཅིག་ལམ་གཅིག”གི་བརྗིད་ཉམས་ཆེ་བའི་ཇུས་གཞི་དང་རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་རྔམ་བརྗིད་ཀྱི་དམིགས་འབེན་དེ་ནི། ཁྱོད་ཚོ་དང་བཅས་པའི་ན་གཞོན་སྔར་ལས་མང་པོས་འབད་འབུངས་བྱས་ཏེ་མངོན་འགྱུར་ཡོང་བར་བྱེད་དགོས། ཁྱོད་ཚོས་ཆེད་ལས་ཀྱི་ཤེས་བྱ་སློབ་སྦྱོང་ཡག་པོ་བྱས་ཏེ། མུ་མཐུད་དུ་སྲོལ་རྒྱུན་མཛའ་མཐུན་དང་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཁྲོད་ཞུགས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་གཏམ་རྒྱུད་ཡག་པོར་བཤད་རྒྱུ་དང་། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།