ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་མིར་འཚམས་འདྲི་བྱས།
2024.01.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ1ཚེས23ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་འགོ་ཁྲིད་རྣམས་འཐུས་ཚབ་ཚོགས་པ་སོ་སོར་སོང་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པར་ཡོང་བའི་འཐུས་མི་རྣམས་ལ་འཚམས་འདྲི་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན། ལིའུ་ཆི་ཧྥན་སོགས་ཀྱིས་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས་པ་དང་ལོ་སར་གྱི་སྨོན་འདུན་ཞུས། ཁོ་ཚོས་འཚམས་འདྲི་བྱེད་སྐབས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་གོང་འོག་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་པ་དང་། དོན་ཆེན་ལ་ཇུས་འགོད་དང་བྱ་བ་གཙོ་བོ་དམ་འཛིན། དཀའ་གནད་ཐག་གཅོད་བྱས་ལ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་ཐད་ནུས་ཤུགས་བཏོན་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མི་དམན་པ་བླངས། ལོ་གསར་བའི་ནང་གོ་སྐབས་དང་འགྲན་རྩོད་མཉམ་དུ་གནས་པས། ལོ་རྒྱུས་ཀྱི་གནད་འགག་དུས་སྐབས་དམ་འཛིན་བྱེད་པ་དང་། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མུ་མཐུད་དུ་དཀའ་སེལ་ཁྱད་དུ་སེལ་ནས་མདུན་སྐྱོད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་རླབས་ཆེན་འཆར་འགོད་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་འབད་བརྩོན་བྱེད་དགོས། ད་ལོའི་ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་དུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཡིན་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་བསམ་བློ་གཅིག་གྱུར་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན། དམངས་ཆེན་འཐུས་མིའི་འགན་འཁྲི་ཧ་ཅང་ལྕི་ཞིང་གཟི་བརྗིད་ལྡན་པས། ཚང་མས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དམ་དུ་འཛིན་པ་དང་། འཐུས་མིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་སྤྱིར་བཏང་གི་གནད་དོན་ལ་དམ་དུ་དམིགས་ནས། སྙན་ཞུ་སྣ་ཚོགས་ལ་གྲོས་ཞིབ་ཞིབ་མོ་བྱེད་པ་དང་། བློ་འདོན་ཇུས་འབུལ་བྱེད་པ། གྲོས་ཚོགས་ཀྱི་སྒྲིག་ལམ་བཟང་བོ་རྒྱུན་འཁྱོངས་བྱས་ཏེ། ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས།

འཐུས་མི་ཚོས་ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་མཐོན་པོ་དང་སེམས་ཤུགས་ཆེན་པོས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཚོགས་ཆེན་བདེ་བླག་ངང་ཡོངས་འགྲུབ་འབྱུང་བར་ཁག་ཐེག་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཝང་ལིས་མེན་དང་ཀྲུའུ་ཞང་ཧྥིན། དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས།

རིན་ཆེན་མཚོས་བསྒྱུར།