ཞི་ཅིན་ཕིང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨར་ཅིས་ཡུའེ་ཡེ་ཧྥུའུ་ལ་གྲོས་མོལ་གནང་།
2024.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ1ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨར་ཅིས་ཡུའེ་ཡེ་ཧྥུའུ་ལ་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་རྒྱལ་ཁབ་གཉིས་ཀས་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། མགོ་རྩོམ་ས་སྔར་ལས་མཐོ་བའི་སྟེང་དུ། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་གཏན་འཁེལ་གནང་།

ཞི་ཅིན་ཕིང་གིས་ལོ་ངོ་སོ་གཉིས་ཀྱི་སྔོན་ལ། ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁྲོད་ཀྲུང་གོའི་བར་སྔོན་ལ་འབྲེལ་བ་བཙུགས་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བར་རྩ་བ་ཚུགས་ནས་རྩེ་མོ་རྣམ་པར་རྒྱས། ཁྱད་པར་དུ་འདས་ཟིན་པའི་ལོ་བདུན་ལྷག་གི་རིང་ལ། ང་ཚོས་མཉམ་དུ་རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཁྲིད་སྟོན་བྱས་པའི་དབང་གིས། ལས་དོན་ཁག་ཉིན་བཞིན་ཡར་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད། རྒྱལ་ཁབ་གཉིས་བར་ནང་སྙིང་དང་གསོན་ཤུགས་འཛོམས་པའི་འབྲེལ་བ་འཛུགས་རྒྱུ་ནི། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་རེ་ལྟོས་ཡིན། ཕྱོགས་གཉིས་ཀས་དུས་རབས་གསར་པའི་གནས་ཚུལ་གང་ལའང་མི་བལྟོས་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་གོ་སྐབས་སུ་བརྩིས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་དང་། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་ནས། རྒྱལ་ཁབ་གཉིས་ཀས་རང་སོ་སོའི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་རོགས་བྱ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་འབྲེལ་བ་ཡག་པོ་ཡོད་པས། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་དང་ཕན་ཚུན་ཡིད་ཆེས་བཅངས་ནས། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལ་དམིགས་ཏེ། ཕྱོགས་གཉིས་ཀས་སྔར་ལས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་རང་རྟོགས་སྒོས་ཕྱོགས་གཉིས་ཀའི་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་སྟེགས་བུ་ཡག་པོ་སྤྱད་དེ། འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་བསྣན་ནས། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་དང་། ཕྱོགས་སོ་སོའི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཡང་དག་པའི་འཕེལ་རྒྱས་ཁ་ཕྱོགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཞི་ཨན་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ནན་ཏན་བྱེད་པ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་སྔར་ལས་སྟོབས་ལྡན་དུ་གཏོང་བ། འཛམ་གླིང་ཧྲིལ་པོ་དང་ས་ཁོངས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས།

མིས་ཨར་ཅིས་ཡུའེ་ཡེ་ཧྥུའུ་ཡིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་མཉམ་ལས་གྲོས་འགོ་རབ་དང་རིམ་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་མཉམ་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་དྲུང་ཡིག་ཁྲུའུ་གང་མགྱོགས་ངང་བསྐྲུན་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཕེལ་རྒྱས་དང་སྟོབས་ལྡན་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ཁྲོད་ཀྱི་འབྲེལ་གཏུག་དང་གཞོགས་འདེགས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ལ། ངས་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བཅངས་ཡོད་ཅེས་བསྟན།

གྲོས་མོལ་གྲོལ་རྗེས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུའུ་ཙི་པེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་པར་མ་ཟད།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ དཔལ་འབྱོར་ལག་རྩལ་མཉམ་ལས། ཕན་ཚུན་འབྲེལ་མཐུད། ཁོར་ཡུག་སྲུང་སྐྱོབ། ནུས་ཁུངས་གསར་པ། ཚན་རྩལ། མི་གཞུང་རིག་གནས། ཞིང་ལས་ཐོན་རྫས་ཀྱི་ཆོག་འཐུས། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་རབ་དང་རིམ་པར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།

གྲོས་མོལ་མ་བྱས་པའི་སྔོན་ལ། ཀྲུའུ་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། མིས་ཨར་ཅིས་ཡུའེ་ཡེ་ཧྥུའུ་དང་ལྕམ་མོ་མིས་ཨར་ཅིས་ཡུའེ་ཡེ་ཝ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། མིས་ཨར་ཅིས་ཡུའེ་ཡེ་ཧྥུའུ་སྐུ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།