ཟླ1ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨན་ཐི་ཀྭ་དང་ཕ་ཕུ་ཏའི་ཙུང་ལི་པུའུ་ལང་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཨན་ཐི་ཀྭ་དང་ཕ་ཕུ་ཏ་ནི་ཅ་ལེ་པིས་ཤར་རྒྱུད་ས་ཁུལ་གྱི་ཀྲུང་གོ་གསར་པའི་བར་འབྲེལ་བ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན།རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་གཅིག་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་ཆེ་ཆུང་ཚང་མའི་ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་དུ་གྱུར་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་དང་། དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ། མི་དམངས་ཀྱི་མཛའ་མཐུན་ཉིན་རེ་བཞིན་ཇེ་ཟབ་དུ་འགྲོ་བཞིན་ཡོད། དུས་བབ་གསར་པའི་འོག་ཏུ། ཀྲུང་གོ་ཕྱོགས་ཀྱིས་ཨན་ཐི་ཀྭ་དང་ཕ་ཕུ་ཏའི་རིམ་པ་ཁག་སོ་སོའི་འགྲོ་འོང་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། དངོས་སྒྲུབ་མཉམ་ལས་ཟབ་སྤེལ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་སྔར་ལས་གང་མང་ཐོབ་པར་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་ཨན་ཕྱོགས་གཉིས་ཀས་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་མུ་མཐུད་ཇེ་བརྟན་དུ་བཏང་ནས། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་ཀས་མི་གཞུང་རིག་གནས་བརྗེ་རེས་བྱེད་ཚད་སྔར་ལས་ཇེ་དམ་དུ་གཏོང་བ་དང་། ཨན་ཐི་ཀྭ་ཡི་ན་གཞོན་སྔར་ལས་གང་མང་ཀྲུང་གོ་རུ་ཡོང་ནས་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨན་ཐི་ཀྭ་ཕྱོགས་དང་མཉམ་དུ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དར་སྤེལ་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།
པུའུ་ལང་གིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་བརྟན་སྲུང་བྱས་ནས། ཀྲུང་གོས་རང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད། ངས་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས། མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་གང་མང་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་ལེགས་བསྐྲུན་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།