ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཆེན་ཞིན་ཡུས་གྲོང་ཁྱེར་ཡུས་ཧྲོས་ས་ཁུལ་གྱི་སྲང་ལམ་ཞིག་གི་ཚོང་ཁང་ལ་མེ་སྐྱོན་ཤོར་ནས་དོན་རྐྱེན་བྱུང་བར་མཛུབ་སྟོན་གལ་ཆེན་གནང་།
2024.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ1ཚེས24ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུའི་སྟེང་དུ། ཅང་ཞི་ཞིང་ཆེན་ཞིན་ཡུས་གྲོང་ཁྱེར་ཡུས་ཧྲོས་ས་ཁུལ་གྱི་སྲང་ལམ་ཞིག་གི་ཚོང་ཁང་ལ་མེ་སྐྱོན་ཤོར་བ་དང་། མིག་སྔའི་བར་དུ་དོན་རྐྱེན་དེའི་ཁྲོད་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་དགུ་ལ་རྨས་སྐྱོན་ཕོག་ཡོད་ཅིང་། ད་དུང་མི་མི་ཉུང་བ་ཞིག་སྔར་བཞིན་ཉེན་ཁའི་གནས་སུ་ལྷུང་ཡོད།

དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དོན་རྐྱེན་དེར་ཚད་མཐོའི་མཐོང་ཆེན་གནང་ནས། དེ་འབྲེལ་གྱི་མཛུབ་སྟོན་གལ་ཆེན་གནང་སྟེ། ཅང་ཞི་ཞིང་ཆེན་ཞིན་ཡུས་གྲོང་ཁྱེར་ཡུས་ཧྲོས་ས་ཁུལ་ཀྱི་སྲང་ལམ་ཞིག་གི་ཚོང་ཁང་ལ་མེ་སྐྱོན་ཤོར་ནས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་འདུག ཚང་མས་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོ་དང་དོན་མཇུག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། དོན་རྐྱེན་འདི་ནི་ཉེ་ལམ་བྱུང་བའི་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་ཞིག་ཡིན་པའི་དབང་གིས། རྒྱུ་རྐྱེན་གང་མགྱོགས་ངང་བཙལ་ནས། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་གཏོང་བ་དང་ཕྱིར་རྟོག་ཟབ་མོ་བྱེད་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བསླབ་བྱ་དང་ལེན་ནན་མོ་བྱས་ནས། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་ཁྱད་སེལ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་ལས་ཏན་ཏིག་ངང་སྒྲུབ་པ་དང་། འགལ་རྐྱེན་ཅི་རིགས་ལ་གྲལ་བཤེར་ནན་མོ་བྱེད་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ། བདེ་འཇགས་དོན་རྐྱེན་ཅི་རིགས་བསྟུད་མུར་མི་འབྱུང་བའི་ཐད་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ལ་འགན་ལེན་ནན་མོ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དོན་རྐྱེན་དེའི་ཐད་མཆན་བཀོད་མཛུབ་སྟོན་གནང་ནས། མི་སྣ་རྩ་འཛུགས་སྒོས་ཉེན་ཁའི་གནས་སའི་ལྷུང་བའི་མི་སྣ་འཚོལ་སྐྱོབ་བྱ་རྒྱུར་དམ་འཛིན་གང་ལེགས་བྱས་ནས། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་ཤི་རྨས་ཀྱི་ཚད་ཉུང་དུ་གཏོང་གང་ཐུབ་བྱས་ནས། ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་དོན་མཇུག་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་། དོན་རྐྱེན་འབྱུང་རྐྱེན་གང་མགྱོགས་ངང་རྩད་གཅོད་བྱས་ནས། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། ཉེ་ལམ་ས་ཁུལ་མང་པོར་མེ་སྐྱོན་གྱི་དོན་རྐྱེན་བསྟུད་མར་བྱུང་ནས། མི་སྣར་ཤི་རྨས་ཚབས་ཆེན་བྱུང་བའི་དབང་གིས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་ས་གནས་སོ་སོའི་འབྲེལ་ཡོད་ཕྱོགས་ཁག་ལ་བདེ་འཇགས་འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ཀྱི། བདེ་འཇགས་སྐོར་གྱི་འགལ་རྐྱེན་ཅི་རིགས་ལ་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུར་ཤུགས་བསྣན་ཏེ། སྟོང་ཆ་གཅིག་ཀྱང་བསྐྱུར་མི་རུང་ཞེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཆང་གི་མཛུབ་སྟོན་བླང་བྱ་ལྟར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ། ཡུལ་དངོས་ནས་དོན་རྐྱེན་ཐག་གཅོད་ཐད་མཛུབ་ཁྲིད་བྱས། ཅང་ཞི་ཞིང་ཆེན་དང་ཞིན་ཡུས་གྲོང་ཁྱེར་ཀྱིས་སྟོབས་ཤུགས་ཅི་ཡོད་རྩ་འཛུགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་སྨན་བཅོས་དང་དོན་མཇུག་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད་ཅིང་། མིག་སྔར་འབྲེལ་ཡོད་བྱ་བ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།