ཝུའུ་ཞའོ་ཅུན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་ལྷོ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2024.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ1ཚེས25ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་ལྷོ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བྱ་བའི་བཀོད་སྒྲིག་ལྟར། ས་ཁོངས་ཀྱི་འཕེལ་རྒྱས་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་ལྷད་མེད་འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་དྲག་ཏུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་བོ་དང་གཙོ་འབད་ཁ་ཕྱོགས་གསལ་སྟོན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། གཞི་གྲངས་དཔལ་འབྱོར། སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་སྟེང་མཚོ་ལྷོའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་དགོས་ཟེར།

གྲོས་ཞིབ་བྱེད་སྐབས། ཀརྨ་ཕུན་ཚོགས་དང་། སུང་ཀའོ་ཧོང་། ལིས་ཝུན་ལིན། དབང་ཕྱུག ཚེ་གཟུངས་སྐྱིད། སཱ་ཨར་ནཱ་སོགས་འཐུས་མིས་གཏམ་བཤད་དེ། སྲིད་གཞུང་གི་བྱ་བའི་སྙན་ཞུར་ཡོངས་སུ་འཐད་ཚུལ་བསྟན་པར་མ་ཟད། གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་དང་མཐོ་གནོན་གློག་འདྲེན་རྒྱུ་ལམ་གཉིས་པ་འཛུགས་སྐྲུན་བྱེད་པ། གཞུང་ལམ་གྱི་སྤུས་ཚད་མཐོར་འདེགས་ལེགས་བཅོས་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་གསར་འཛུགས་ལ་སྐུལ་འདེད་གཏོང་བ། རྫོང་ཁོངས་དཔལ་འབྱོར་གྱི་གསོན་ཤུགས་བསྐྱེད་པ། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ཏེ་བསམ་འཆར་དང་གྲོས་གཞི་བཏོན། ཝུའུ་ཞའོ་ཅུན་གྱིས་ནན་ཏན་གྱིས་ཉན་རྗེས་རེ་རེ་བཞིན་ལན་བཏབ་པར་མ་ཟད། གཞི་རིམ་ནས་ཡོང་བའི་འཐུས་མི་ཝེ་ཆང་དང་གཡུང་དྲུང་ཐར། སྙིང་དཔལ་རྒྱལ་བཅས་དང་མཉམ་དུ། ཞིང་ཕྱུགས་ལས་མཉམ་ལས་ཁང་གི་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་འབབ་འཕར་བ་སོགས་ཀྱི་གནས་ཚུལ་ཐད་བསམ་ཚུལ་བརྗེ་རེས་དང་གྲོས་སྡུར་བྱས།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྤྱིར་བཏང་མ་ཡིན་པའི་ཉིས་སྟོང་ཉེར་གསུམ་ལོར། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་སྤེལ་གཏོང་བའི་བརྩེ་བ་ཟབ་མོ་བཅངས་ཏེ། ལས་གནས་མི་འདྲ་བའི་སྟེང་དཀའ་བ་སྤྱད་པ་དང་རྔུལ་ཆུ་བཏོན་ནས། སྤྱིར་བཏང་མ་ཡིན་པའི་བྱས་རྗེས་བཞག་ཡོད། ཐོབ་དཀར་བའི་གྲུབ་འབྲས་དེ་ནི། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་ཁ་ཕྱོགས་གསལ་བོའི་ཡར་སྐུལ་ལས་བྱུང་བ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་བསྟུད་མར་འབད་འཐབ་དང་དཀའ་སྤྱད་བྱས་པའི་མཇུག་འབྲས་ཡིན། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གནད་དུ་བཟུང་སྟེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། དུས་ཡུན་སྐར་ཆ་རེ་རེའི་འབད་བརྩོན་ལ་བརྟེན་ནས། རྒྱུན་ཆད་མེད་པར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས། 

ཝུའུ་ཞའོ་ཅུན་གྱིས་འདས་པའི་ལོ་གཅིག་གི་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་ལོ་གལ་ཆེན་ཞིག་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། མཚོ་ལྷོ་ཁུལ་དེ་ཞིང་ཆེན་ཡོངས་དང་འདྲ་བར་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད་པས། སྐྱེ་ཁམས་བཅོས་སྐྱོང་གནད་སར་འཛིན་པར་ཤུགས་སྣོན་པ་དང་། རྩ་བ་བརྟན་འཛུགས་དང་ཟུངས་སྐྱེད་ལ་སྔར་ལས་མཐོང་ཆེན་བྱས་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་ལ་ཤུགས་སྣོན་པ། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་འཛུགས་བྱེད་པའི་ཐད་ནས་བརྩོན་སེམས་ཆེན་པོ་མངོན་པར་བྱས་ནས། རི་སྔོ་ཆུ་དྭངས་དེ་མཚོ་ལྷོའི་རང་མདངས་གསལ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས། ཁྱད་ལྡན་ཁྱད་སྟོབས་ཐོན་ཁུངས་ལ་བརྟེན་ནས། ལྷད་མེད་འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་དྲག་ཏུ་གཏོང་བ་དང་། དག་གཙང་ནུས་ཁུངས་ཐོན་ལས་ལ་ཤུགས་སྣོན་པ། ཁྱད་ལྡན་ཞིང་ཕྱུགས་ལས་ལེགས་སྒྱུར་བྱེད་པ། སྐྱེ་ཁམས་ཡུལ་སྐོར་ལས་རིགས་བཟང་བོར་གཉེར་བ། གཞི་གྲངས་ཐོན་ལས་རྒྱ་བསྐྱེད་དེ་ཁྱད་ལྡན་ཐོན་ལས་གསོ་སྤེལ་དང་སྟོབས་ལྡན་དུ་གཏོང་བའི་ཐད་ནས་བརྩོན་སེམས་སྔར་ལས་ཆེན་པོ་མངོན་པར་བྱེད་དགོས། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་དང་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བ་་རྒྱབ་རྟེན་དུ་བྱས་ཏེ། གྲོང་གསེབ་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་གཙོ་བོ་དམ་འཛིན་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་འཚོ་སྡོད་དང་ལས་སྤེལ་ལ་འཚམ་ཞིང་མཛེས་སྡུག་འཆམ་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་བྱས་ཤིང་། ཚད་གཞི་མཐོ་བའི་སྒོ་ནས་མཛེས་པའི་མཁར་གྲོང་གསར་འཛུགས་བྱས་ཏེ། མཁར་གྲོང་གི་མཉམ་འདྲེས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཐད་ནས་བརྩོན་སེམས་སྔར་ལས་ཆེན་པོ་མངོན་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པ་གཙོ་སྙིང་དུ་བཟུང་སྟེ། ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཡུན་ཕན་ཅན་དུ་དམ་འཛིན་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་བརྩོན་སེམས་སྔར་ལས་ཆེན་པོ་མངོན་པར་བྱེད་དགོས།

ལོའུ་ཀང་དང་དབྱང་ཀྲི་ཝུན་གྲོས་ཞིབ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།