ལིས་ཆང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་གན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་།
2024.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 98

ཟླ1ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་ནས། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱིས། 《སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག》ལ་བཏོན་པའི་བསམ་འཆར་དང་གྲོས་གཞིར་གསན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་པོ་ཡུང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུན། བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལིས་ཏའོ་ཁུའེ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་བལྟས་ན། འདས་ཟིན་པའི་ལོ་གཅིག་ནང་སྣེ་མང་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་འཕེལ་རྒྱས་ལས་འགན་ལ་ཁ་ཕྱོགས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱིས་རྒྱལ་དམངས་དཔལ་འབྱོར་སླར་གསོ་ལེགས་ཕྱོགས་སུ་འཕེལ་བར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཚོར་འགན་སྲུང་ནུས་ལྡན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གོམ་པ་བརྟན་པོ་སྤོས་པ་དང་གྲུབ་འབྲས་ཆེན་པོ་བླངས་ཡོད་པར་འདོད། ཚང་མས་ད་ལོའི་སྲིད་གཞུང་གི་བྱ་བར་དམ་པོར་དམིགས་ནས་སྤྱི་ཁོག་སྙོམས་སྒྲིག་སྔར་ལས་ཡག་པོ་བྱེད་པ་དང་། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན།

ལིས་ཆང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྲིད་གཞུང་གི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པར་མ་ཟད། ཚང་མའི་བསམ་འཆར་དང་གྲོས་གཞི་དེ《སྲིད་གཞུང་བྱ་བའི་སྙན་ཞུ》ལ་བཟོ་བཅོས་ཡག་པོ་རྒྱག་པ་དང་། སྲིད་གཞུང་གིབྱ་བ་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུར་རིན་ཐང་ཧ་ཅང་ཆེན་པོ་ལྡན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསམ་འཆར་དང་གྲོས་གཞི་དེ་དག་ལ་ཞིབ་འཇུག་དང་བསྡུ་ལེན་ནན་མོ་བྱ་རྒྱུ་ཡིན། ལིས་ཆང་གིས་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཁོང་དུ་ཆུད་པར་བྱས་ཏེ། རང་རྒྱལ་གྱི་ཕུགས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་གསལ་བོར་མཐོང་བར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཡིད་ཆེས་དང་གདིང་ཤུགས་ཇེ་ཆེར་གཏོང་དགོས་ལ། ཕྱིའི་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། གཏན་འཁེལ་རང་བཞིན་བཅས་ཀྱང་མཐོང་ཐུབ་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་རིག་པ་གསལ་བོ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། ཇུས་ཤུགས་མཉམ་འདོན་གྱིས་ཞིབ་འཇུག་གཏིང་ཟབ་དང་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྲིད་གཞུང་གི་བྱ་བར་ལྟ་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་པ་དང་། འབྲེལ་གཏུག་གི་ཁྱབ་རྒྱ་ཆེ་ལ་འཇོན་མི་མང་བའི་ལེགས་ཆ་མུ་མཐུད་དུ་འདོན་སྤེལ་བྱེད་པ། སྲིད་གཞུང་གིས་དོན་དངོས་ལ་སྔར་རྟོག་ཞིབ་བྱེད་པ་དང་དམངས་ཀྱི་འདོད་བློར་ཉན་པ། དཀའ་གནད་སེལ་བ་བཅས་ཀྱི་ཐད་རོགས་རམ་བྱེད་པ། དམངས་གཙོའི་ཐབས་ཇུས་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་དང་བློ་གྲོས་གཅིག་སྡུད་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་བཏོན་ནས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།

ཧྲི་ཐའེ་ཧྥུན་དང་ཝུའུ་ཀྲིན་ལུང་། ཧྲའོ་ཧུང་། ཧི་པའོ་ཞང་། ཝང་ཀོང་ཆན། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།