ཟླ1ཚེས25ཉིན། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་སྣེ་ལེན་ཚོགས་འདུ་རྒྱལ་ཁབ་ཟློས་གར་ཁང་ཆེན་མོ་རུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས་ལོ་དྲུག་ཅུའི་སྔོན་ལ་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་པ་དེ་ནི། རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་སྟེང་གི་དོན་ཆེན་ཞིག་ཡིན། ཀྲུའུ་ཞི་མའོ་ཙེ་ཏུང་དང་དམག་དཔོན་ཆེན་པོ་ཏའེ་ཀའོ་ལི་རྣམ་གཉིས་ཀྱིས་གཞན་དང་མི་འདྲ་བའི་བློ་གྲོས་དང་སྤོབས་པར་བརྟེན་ནས། ཀྲུང་གོ་དང་ནུབ་ཕྱོགས་ཀྱི་འགྲོ་འོང་མཉམ་ལས་ཀྱི་སྒོ་མོ་ཕྱེས་ཏེ། འཇམ་འཐབ་ཁྲོད་ཀྱི་འཛམ་གླིང་ལ་རེ་བའི་འོད་སྣང་བསྩལ། ལོ་དྲུག་ཅུའི་སྔོན་ལ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་དེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། འཛམ་གླིང་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས་བཅས་ཡོང་ཆེད་བྱས་རྗེས་བཞག་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་དམིགས་བསལ་ལོ་རྒྱུས་ཀྱིས་རང་བཙན་རང་བདག་དང་ཕན་ཚུན་རྒྱུས་ལོན། གཟིགས་རྒྱང་རིང་པོ། གཉིས་ཕན་གཉིས་རྒྱལ་བཅསཀྱི“ཀྲུང་གོ་དང་ཧྥ་རན་སིའི་སྙིང་སྟོབས”བསྐྲུན་ཡོད། དུས་རབས་གསར་པའི་འཕོ་འགྱུར་ཆེན་པོའི་མདུན་དུ། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀས་ཕན་ཚུན་བར་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་གང་ཐུབ་བྱེད་པ། བྱས་རྗེས་འཇོག་ཕོད་པ་བཅས་བྱེད་དགོས། ཕྱོགས་གཉིས་ཀས་ཕྱོགས་གཉིས་ཀའི་འབྲེལ་བ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་བརྟན་བརླིང་རང་བཞིན་ལ་བརྟེན་ནས་འཛམ་གླིང་གི་བརྟན་བརླིང་མིན་པའི་གནས་བབ་ལ་ཁ་གཏད་འཇལ་དགོས་པ་དང་། ཀྲུང་གོ་དང་ཧྥ་རན་སིའི་རིག་གནས་ཡུལ་སྐོར་ལོ་དང་ཕ་རེ་སིའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ནས། མི་གཞུང་རིག་གནས་བརྗེ་རེས་རྒྱ་ཆེར་གཏོང་བ་དང་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ལ་ཕན་ཞིང་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་མཉམ་དུ་དར་སྤེལ་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་ཆེད་མུ་མཐུད་དུ་ཀྲུང་གོ་དང་ཧྥ་རན་སིའི་བྱས་རྗེས་འཇོག་དགོས། གཉིས་ཕན་གཉིས་རྒྱལ་རྒྱུན་འཁྱོངས་སྒོས་སྲོལ་རྒྱུན་གྱི་མཉམ་ལས་ཟབ་སྤེལ་བྱེད་དགོས་པ་དང་མཉམ་དུ། ལྗང་མདོག་ཐོན་ལས་དང་ནུས་ཁུངས་གཙང་མ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ནས། མུ་མཐུད་དུ་མཉམ་ལས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་ལ་བརྟེན་ནས་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་སྡུད་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་དགོས། མ་འོངས་པའི་ལོ་དྲུག་ཅུའི་རིང་ལ་ཀྲུང་གོ་དང་ཧྥ་རན་སིས་མཉམ་དུ་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ན། སླར་ཡང་འོད་སྟོང་གསར་པ་བསྐྲུན་ངེས་ཡིན་ཞེས་ནན་གྱིས་གསུངས།
ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཀྱང་བརྙན་ལམ་ནས་ཤིས་ཚིག་ཕུལ། མཱ་ཁི་ལུང་གིས་ལོ་དྲུག་ཅུའི་སྔོན་ལ། དམག་དཔོན་ཏའེ་ཀའོ་ལི་ཡིས་དཔུང་ཚོགས་འགོག་རྒོལ་གྱི་གཏན་ཚིགས་ལས་བརྒལ་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་འབྲེལ་བ་འཛུགས་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས། དེ་རིང་གི་ང་ཚོར་གཅིག་དགུ་རེ་བཞི་ལོར་ཐག་གཅོད་བྱས་པའི་བརྗིད་ཉམས་ཆེ་བའི་དམིགས་འབེན་གྱི་རྨང་གཞིའི་སྟེང་དུ། ཡང་འབད་བསྐྱར་འབད་སྒོས་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་དགོས་མཁོ་དང་མཐུན་པར་མ་ཟད་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལའང་ཕན་པའི་རོགས་རེས་འབྲེལ་བ་མཉམ་དུ་འཛུགས་པའི་འགན་ཁུར་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་རྒྱལ་སྤྱིའི་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། 2024ལོ་ནི་ཧྥ་རིན་སི་དང་ཀྲུང་གོའི་རིག་གནས་ཡུལ་སྐོར་ལོ་ཡིན་པས། ཕྱོགས་གཉིས་ཀས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་རེད། ང་ཚོས་གོ་སྐབས་དེ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀའི་མི་དམངས་དང་ལྷག་པར་དུ་ན་གཞོན་བར་གྱི་འགྲོ་འོང་ཇེ་དམ་དུ་བཏང་ནས། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་ལ་སྔར་ལས་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས་ཞེས་བསྟན།
ཟླ1ཚེས31ཉིན། རྒྱལ་ཁབ་གཉིས་ཀས་ད་དུང་ཕ་རེ་སིའི་ཧྥན་ཨར་སའེ་ཕོ་བྲང་དུ། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་རིག་གནས་ཡུལ་སྐོར་ལོའི་མགོ་རྩོམ་བྱེད་སྒོ་སྤེལ་ནས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་བརྙན་ལམ་ཤིས་ཚིག་ཚང་མའི་མིག་མདུན་དུ་བསྟར།
བན་དེ་སྐྱབས་ཀྱིས་བསྒྱུར།