ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགར་ཏེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུར་གྲོས་སྡུར་བྱས།
2024.01.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ1ཚེས26ཉིན།  ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགར་ཏེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་སྡུར་བྱས།

ཚན་ཆུང་སོ་སོའི་ཡུལ་དངོས་སུ། ཨུ་ཡོན་རྣམས་ཀྱིས་ལང་ལོང་སྒོས་གཏམ་བཤད།  ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན།    ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུའི་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་རྩོམ་སྲོལ་བཟང་ལ།  གཞི་གྲངས་ཞིབ་ཅིང་བདེན་པས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བདེན་འཚོལ་དངོས་གཉེར་དང་ཞིབ་ཚགས་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་མངོན་པར་བྱས་ཡོད་ལ།  སྤུས་ཚད་མཐོ་བའི་སྙན་ཞུ་བཟང་བོ་ཡིན་པར་འདོད།   འདས་པའི་ལོ་གཅིག་གི་རིང་ལ།   ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་དྲང་གཞག་དང་ཕན་ནུས་ཞེས་པའི་བརྗོད་དོན་ལ་དམིགས་ཏེ་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སོ་སོ་བློ་བརྟན་འགྱུར་མེད་སྒོས་དོན་འཁྱོལ་བྱས་པ་དང་།   ལྷག་བསམ་རྣམ་དག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱས་ལ།   ཁྲིམས་ལྟར་ནག་ཉེས་ལ་ཆད་གཅོད་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་།   ཁྲིམས་ལྟར་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས་ཤིང་།    དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་མི་དམངས་མང་ཚོགས་ཀྱི་རྣམ་པ་སྣ་མང་གི་ཁྲིམས་འཛིན་དགོས་མཁོར་འགན་སྲུང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བྱ་བ་སོ་སོའི་ཐད་གྲུབ་འབྲས་ངེས་ཅན་བླངས།     ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་བླང་བྱ་ལག་བསྟར་བྱས་ཏེ་རང་རྟོགས་སྒོས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ།   ཁྲིམས་སྐྱོང་ལ་འགན་འཁུར་བ་བཅས་བྱས་པས།   བྱ་བ་སོ་སོ་མགོ་རྩོམ་ས་གསར་པའི་སྟེང་ནས་གོམ་སྟབས་གསར་པ་སྤོས་ཡོད།   ཨུ་ཡོན་རྣམས་ཀྱིས་བལྟས་ན།    འདས་པའི་ལོ་གཅིག་གི་རིང་ལ།   ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་པ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་བོ་དང་ནུས་ཡོད་ཀྱི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱས་པར་འདོད།

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ།   ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོའང་ཡིན།  འགན་སྒྲུབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཨུ་ཡོན་རྣམས་ཀྱིས་བསྟན་དོན།   ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད།   ཉེན་ཁ་ཆེན་པོ་འགོག་ཟོན་སོགས་ཕྱོགས་ལ་དམིགས་ནས་སྲིད་གྲོས་ཀྱི་རིག་སྟོབས་གཅིག་འདུ་དང་རྒྱ་ཆེར་འབྲེལ་འདྲིས་བྱེད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་ལས་རིགས་སོ་སོར་ཟབ་ཞུགས་དང་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་དོགས་གཞི་སེལ་བ་དང་འབྲེལ་བ་མཐུན་སྦྱོར།   མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་།   ཐུན་མོང་གི་འདུ་ཤེས་རྒྱ་ཆེར་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།