ཞིང་ཆེན་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་ཚོགས་འདུ་བསྡུས།
2024.01.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 81

ཟླ1ཚེས26ཉིན། ཞིང་ཆེན་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི་བྱ་བས་སྤུས་ཚད་དམིགས་བསལ་དུ་འཛིན་རྒྱུར་གཡོ་འགུལ་མེད་པ་དང་བདེན་སྲུང་གསར་གཏོད་ལ་ལྷོད་པ་མེད་པ། རང་འགན་གཙང་སྒྲུབ་ཐད་ལྷོད་གཡེང་མེད་པ་བཅས་རྒྱུན་འཁྱོངས་བྱས་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་ཀྱིས་མཉམ་དུ་འབད་བརྩོན་དང་རྒྱབ་སྐྱོར་བྱས་པས་གྲོས་གཞིའི་སྤུས་ཚད་དང་། གྲོས་གཞི་སྒྲུབ་པའི་སྤུས་ཚད། ཞབས་ཞུའི་སྤུས་ཚད་བཅས་ཟམ་མ་ཆད་པར་ཇེ་ལེགས་སུ་ཕྱིན་པ་དང་། ཕྱོགས་སོ་སོའི་བྱ་བར་གསར་གཏོད་ཡོད་པ་དང་། ཁྱད་ཆོས་ཡོད་ལ། ཕན་འབྲས་ཡོད་པར་གྱུར། སྐབས་འདིའི་སྲིད་གྲོས་ཀྱི་གྲོས་གཞིའི་བྱ་བར་འགོ་ཡག་པོ་ཞིག་བཙུགས་ཡོད། གྲོས་གཞིའི་བྱ་བ་ནི་མི་དམངས་སྲིད་གྲོས་ཀྱི་རྨང་གཞིའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཕྱོགས་བསྡུས་རང་བཞིན། རྒྱུན་ལྡན་རང་བཞིན་བཅས་ཀྱི་བྱ་བ་ཞིག་ཡིན་ལ། སྲིད་གྲོས་རྩ་འཛུགས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་དམིགས་བསལ་ནུས་པ་གནས་ས་ཞིག་ཀྱང་ཡིན། གྲོས་གཞིའི་བྱ་བའི་ཁྱོན་ཡོངས་རང་བཞིན་ལ་ངོས་འཛིན་བྱེད་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། རང་རྟོགས་ངང་གྲོས་གཞིའི་བྱ་བ་དེ་ཁྱོན་ཡོངས་ཀྱི་བྱ་བའི་ཁྲོད་བཞག་སྟེ་ཇུས་འགོད་དང་། སྐུལ་འདེད། དོན་འཁྱོལ་བཅས་བྱེད་པ་དང་། གྲོས་གཞི་ལ་བརྟེན་ནས་ཞབས་ཞུ་ཇུས་འདོན་དང་། འཕེལ་རྒྱས་སྐུལ་འདེད། དམངས་ཚིས་ལེགས་བཅོས་བཅས་ཀྱི་ཁྲོད་རང་འགུལ་ངང་ཐབས་ཇུས་ངོ་མ་འདོན་པ་དང་། གྲོས་འགོ་འདོན་པ། ཐབས་ཇུས་བཟང་པོ་འདོན་དགོས། གྲོས་གཞི་འདོན་མཁན་དང་། གྲོས་གཞི་སྒྲུབ་འགན་ཁུར་བའི་ལས་ཁུངས། གྲོས་གཞིའི་ལས་དོན་སྡེ་ཁག་བཅས་བར་འབྲེལ་མཐུད་གྲོས་མོལ་བྱེད་པའི་སྟེགས་བུ་ཧུར་ཐག་གིས་བསྐྲུན་ནས་འདོན་སྒྲུབ་སྐུལ་གསུམ་ཕྱོགས་སོ་སོའི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ཏེ་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། ཁྱོན་ཡོངས་ལ་སྐུལ་འདེད་བྱེད་པ། མཐུན་སྦྱོར་དང་ལས་ཕྱོད་ཆེ་བ་བཅས་ཀྱི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས། སྤུས་ཚད་ཀྱི་འདུ་ཤེས་དེ་གྲོས་གཞིའི་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་རང་འགུལ་ངང་ཞབས་འདེགས་ཞུ་སྟངས་དང་ཞབས་ཞུའི་ཆུ་ཚད་ཇེ་ལེགས་སུ་བཏང་སྟེ་ཞབས་ཞུ་ཡག་པོར་བརྟེན་ནས་གྲོས་གཞི་ཡག་པོ་འདོན་པ་དང་གྲོས་གཞི་ཡག་པོར་སྒྲུབ་རྒྱུར་ཆུ་ཚད་སྔར་ལས་མཐོ་བའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཟླ1ཚེས24ཉིན་བར་ཐེངས་འདིའི་གྲོས་ཚོགས་ལ་ཁྱོན་བསྡོམས་གྲོས་གཞི386འབྱོར་བ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི291ཐོ་འགོད་བྱ་རྒྱུའི་གྲོས་གཞི་བཏོན།

ཤ་བོ་གསེར་མཚོས་བསྒྱུར།