
ཟླ1ཚེས26ཉིན་གྱི་ཕྱི་དྲོར། ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་གྱི་མཚོ་སྔོན་ཡོམ་ཁུལ་གྱི་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་དང་ཐོན་སྐྱེད་འཚོ་བ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བཅས་ཀྱི་སྤྱིའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། འབྲེལ་ཡོད་ཇུས་གཞིར་གྲོས་ཞིབ་བྱས་ནས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་རྩོམ་པར་གྲ་སྒྲིག་གང་ལེགས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཧྲིན་ཀྲང་། ཞིང་ཆེན་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཚན་གཙོ་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་དུས་རིམ་སྔོན་མའི་ཡོམ་འགོག་གནོད་སེལ་དང་བར་བརྒལ་བཀོད་སྒྲིག་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས་བསྟན་དོན། གྲུབ་འབྲས་དེ་དག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོ་གནང་བ་དང་མི་དམངས་བུ་སྤུན་དམག་གིས་ཕངས་མེད་དུ་བྱས་རྗེས་བཞག་པ། སྤྱི་ཚོགས་ལས་རིགས་སོ་སོས་རོགས་སྐྱོར་གང་ལེགས་བྱས་པ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་འཐབ་བྱས་པ་བཅས་ལས་བྱུང་བ་ཞིག་ཡིན། ལོ་རྒྱུས་ལ་འགན་ཁུར་བ་དང་མི་དམངས་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་ནས། ངལ་དུབ་ལ་མི་སྐྲག་པར་མུ་མཐུད་དམག་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་ཆབ་སྲིད་ལས་འགན་གལ་ཆེན་དང་དམངས་ཚིས་བཟོ་སྐྲུན་མཉམ་དུ་ཡོངས་འགྲུབ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་སྐོར་གྱི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཇུས་གཞི་གཏན་འབེབས་བྱེད་པ་དང་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་བར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ། ལས་གཞིའི་དུས་འགོ་ཡི་ཞིབ་མཆན་འགོད་པའི“གེགས་མེད་བགྲོད་ལམ”དོན་འཁྱོལ་བྱེད་པ། རིགས་སོ་སོའི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་གང་མགྱོགས་ཀྱིས་སྒྲུབ་པ། ཐོན་ཁུངས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་འཆར་འགོད་དང་ཇུས་འགོད་ཡག་པོ་བྱེད་པ། གྲོང་གསེབ་ཀྱི་སྲོལ་རྒྱུན་རྣམ་པར་སྲུང་སྐྱོབ་བྱ་རྒྱུར་མཐོང་ཆེན་བྱེད་པ། སྡོད་ཁང་གི་ཡོམ་འགོག་ཞོད་འགོག་ནུས་པ་ཇེ་ཆེར་གཏོང་བ། ཐོན་སྐྱེད་དང་འཚོ་བའི་སྐྱེ་ཁམས་བར་སྟོང་བཀོད་སྒྲིག་ལུགས་མཐུན་བྱེད་པ། གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་སོར་འཇོག་བཅས་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་མ་དངུལ་དང་ལས་གཞིར་དོ་དམ་བྱས་ནས། སླར་གསོ་དང་བསྐྱར་སྐྲུན་བྱ་བ་ཚན་རིག་དང་མཐུན་པའི་ངང་ཡག་པོར་སྒྲུབ་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི“མཐོ་གནོན་གློག་སྐུད”ནན་སྲུང་བྱེད་པ། བྱ་བའི་སྔོན་དང་བྱ་བ་སྒྲུབ་སྐབས། བྱ་བ་བསྒྲུབས་རྗེས་བཅས་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་བསྣན་ནས། སྤྱོད་གཙང་གི་བཟོ་སྐྲུན་དང་བདེ་འཇགས་ཀྱི་བཟོ་སྐྲུན། སྤུས་ཚད་མཐོ་བའི་བཟོ་སྐྲུན་བཅས་བསྐྲུན་ཐུབ་པར་འགན་ལེན་བྱེད་དགོས། སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ནས། “ཡོད་པ་དྲུག”དང“དམིགས་འབྱོར་དྲུག”དོན་འཁྱོལ་ཞིབ་ཚགས་བྱེད་རྒྱུ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་ཞིབ་མོར་ཉན་ནས་ཁོ་ཚོའི་རེ་འདོད་སྐོང་བ་དང་། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཡོངས་ལ་དུས་ཆེན་ཡག་པོ་ཞིག་རོལ་དུ་བཅུག་ནས། ལུགས་རྙིང་ལོ་སར་གྱི་རྣམ་པ་མངོན་གང་ཐུབ་བྱེད་དགོས། བྱ་བའི་འགན་འཁྲི་ཇེ་དམ་དུ་བཏང་ནས། རྒྱལ་ཁབ་ཀྱིས་མཛུབ་སྟོན་དང་ཞིང་ཆེན་རིམ་པས་སྤྱི་འདོམས་བྱེད་པ། གྲོང་ཁྱེར་དང་རྫོང་གིས་འགན་འཁྲི་གཙོ་བོ་ཁུར་བ་བཅས་རྒྱུན་འཁྱོངས་བྱས་ཏེ། རང་འགན་རང་ཁུར་དང་ནུས་ཤུགས་མཉམ་འདོན་བྱས་ནས། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་བྱ་བ་སྣ་ཚོགས་ཕན་འབྲས་ཆེ་ལ་གོ་རིམ་ལྡན་པའི་ངང་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནོར་སྲིད་ཐིན། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་བཅས་ཀྱིས་ཡིག་ངོས་ནས་སྙན་ཞུ་ཕུལ།
ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁེ·རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥུན། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཧི་ལུའུ་ཁྲུན་བཅས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།