རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ1ཚེས27ཉིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་དྲུག་ཅུའི་སྔོན་ལ། ཀྲུང་གོ་དང་ཧྥ་རན་སིས་འཇམ་འཐབ་ཀྱི་དཀའ་གནད་སེལ་བ་དང་དཔུང་ཁག་གི་འགལ་རྐྱེན་ལས་བསྒྲོལ་ནས་ཕན་ཚུན་བར་གཞུང་ཚབ་ཆེན་མོ་རིམ་པའི་འབྲེལ་བ་བཙུགས། ལོ་རྒྱུས་ཀྱི་དོན་རྐྱེན་དེས་འཛམ་གླིང་གི་གནས་བབ་གྲོས་མོལ་དང་མཉམ་ལས་ཀྱི་ཡང་དག་པའི་ཕྱོགས་སུ་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ལ། ད་ལྟའི་བར་ད་རུང་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན། ལོ་དྲུག་ཅུའི་རིང་ལ། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱིས་རང་བཙན་རང་བདག་གི་འཐབ་ཇུས་གདམ་ཀ་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་གཉིས་ཕན་མཉམ་རྒྱལ་ལ་བརྟེན་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཤུགས་བཏོན་པ་དང་འདྲ་མཉམ་བརྗེ་རེས་བརྒྱུད་དེ་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཡར་སྐུལ་བྱས་ཤིང་། ཕྱོགས་མང་མཐུན་སྦྱོར་ལ་བརྟེན་ནས་འཛམ་གླིང་ཧྲིལ་བོའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས“ཨང་དང་པོ”མང་པོ་བསྐྲུན་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་དང་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ལ་ཡར་སྐུལ་བྱེད་པར་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལྟའི་འཛམ་གླིང་ཡང་བསྐྱར་གནད་འགག་གི་བཞི་མདོ་རུ་གནས་ཡོད། ཅི་བྱེད་གར་འགྲོ་ཡི་དུས་རབས་ཀྱི་དྲི་བ་དང་ལོ་རྒྱུས་ཀྱི་དྲི་བར་ཁ་གཏད་དེ་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀ་རང་བཙན་རང་བདག་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། ཕན་ཚུན་བར་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་སྲུང་འཛིན་དང་འགན་འཁྲི་ཁག་ཁུར་བཟང་བོ་བྱས་ཏེ་ཞི་བདེ་དང་བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་ཕྱོགས་སུ་སྙེག་པའི་མིའི་རིགས་ཀྱི་འཕེལ་རྒྱས་བགྲོད་ལམ་མཉམ་དུ་གཏོད་དགོས། ངས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ་དག་སྲུང་གསར་གཏོད་དང་སྔར་སྲོལ་རྒྱུན་འཛིན་བྱེད་པ་དང་། ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་སྲ་བརྟན་དང་གསོན་ཤུགས་ལྡན་པར་བྱས་ནས་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་བྱས་རྗེས་འཇོག་འདོད་ཡོད།
མཱ་ཁི་ལུང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ལོ་དྲུག་ཅུའི་སྔོན་ལ། ཧྥ་རན་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པ་ནི་རྒྱང་རིང་ལ་དམིགས་པའི་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཅིག་རེད། ད་ལྟའི་འཛམ་གླིང་སྔར་བྱུང་མྱོང་མེད་པའི་ཉེན་ཁར་འཕྲད་ཡོད་པ་དང་། ཧྥ་རན་སི་དང་ཀྲུང་གོ་དང་། ཡོ་རོབ་གླིང་དང་ཀྲུང་གོས་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་འཛམ་གླིང་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་ཆེད་ཐུན་མོང་གི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས། 2023ལོ་ནི་ཧྥ་རན་སི་དང་ཀྲུང་གོའི་བར་གྱི་འབྲེལ་བའི་གསོན་ཤུགས་ཕྱོགས་ཡོངས་ནས་སླར་གསོ་བྱས་པའི་ལོ་ཞིག་ཡིན་པ་དང་། 2024ལོ་ནི་ཧྥ་རན་སི་དང་ཀྲུང་གོའི་མཉམ་ལས་སྔར་ལས་འཕེལ་རྒྱས་འགྲོ་བའི་ལོ་ཞིག་ཡིན་ངེས། ངས་སྐུ་ཞབས་ཀྲུའུ་ཞི་དང་མཉམ་དུ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་། ན་གཞོན་སོགས་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཧྲིལ་བོའི་གནད་དོན་སྟེང་མཐུན་སྦྱོར་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ནས་ཧྥ་རན་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། ཧུར་བརྩོན་ཡར་སྐྱེད་ཀྱི་གསོན་ཤུགས་ལ་བརྟེན་ནས་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་གསར་པ་གཏོད་རྒྱུར་རེ་སྒུག་བྱས་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།