ཞིང་ཆེན་དམངས་ཆེན་གྱི་འཐུས་མི་རྣམས་ཀྱིས་ཚན་ཆུང་བགར་ཏེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
2024.01.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཟླ1ཚེས27ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་མི་རྣམས་ཀྱིས་ཚན་ཆུང་བགར་ཏེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཚང་མས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གཞིགས་ནས་རང་རང་གི་ལྟ་ཚུལ་བཤད་པ་དང་། བློ་འདོན་ཇུས་འབུལ་ལེགས་པོ་བྱས།

གྲོས་ཞིབ་ཁྲོད། འཐུས་མི་རྣམས་ཀྱིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཁོ་ཚོས་བལྟས་ན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་བཅས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག ཞིང་ཆེན་ཏང་ཨུ་དང་། ཆེས་མཐོའི་ཁྲིམས་ཁང་། ཆེས་མཐོའི་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། གཞི་གྲངས་བཀོལ་ནས་སྐད་ཆ་བཤད་པ་དང་གྱོད་གཞིར་བརྟེན་ནས་ཁྲིམས་ལ་འགྲེལ་བཤད་རྒྱག་པར་མཐོང་ཆེན་བྱས་པས། ཁྱད་ཆོས་འཛོམས་ལ་གྲུབ་འབྲས་ལྡན་པ་དང་། མཐོ་ཚད་དང་དྲོད་ཚད་གཉིས་ཀ་ལྡན་ཞིང་། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་གསར་གཏོད་ལག་ལེན་གཅིག་བསྡུས་ཀྱིས་མཚོན་ཞིང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་མི་དམངས་རྩ་བར་འཛིན་པ་དང་། དམངས་དོན་དུ་ཁྲིམས་སྐྱོང་བའི་འདུ་ཤེས་གང་ལེགས་སྒོས་མཚོན་ཡོད་པར་འདོད།

འཐུས་མི་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ལྷག་བསམ་རྣམ་དག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱས་པ་དང་། ཚད་གཞི་མཐོ་ལ་བླང་བྱ་ནན་མོས་སྤྱོད་གཙང་ཁག་ཁུར་གྱི་ཁྲིམས་ཁང་གི་རུ་ཁག་བཙུགས། མི་དམས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཤིང་། ཚད་གཞི་ནན་མོར་བརྟེན་ནས་འདྲི་གཅོད་ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཏང་ནས། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལུགས་ཀྱི་ལྟ་སྐུལ་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། རང་འགུལ་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ། ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་ལ་སྲུང་སྐྱོང་དང་དམངས་ཚིས་དམངས་ཕན་ལ་འགན་ལེན་བྱེད་པ་བཅས་ཀྱི་ཕྱོགས་ལ་བྱས་རྗེས་གལ་ཆེན་བཞག་ཡོད་པར་འདོད། 

འཐུས་མི་རྣམས་ཀྱིས་བསྟན་དོན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གཉིས་ཀྱིས་མུ་མཐུད་དུ་འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོར་དམིགས་ཤིང་། ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་དུ་མི་དམངས་མང་ཚོགས་ལ་འདྲ་མཉམ་དྲང་གཞག་ཡོང་བར་འབད་པ་ཞེས་པའི་དམིགས་འབེན་ལ་གཞིགས་ནས། འགན་ནུས་བྱེད་ནུས་ལེགས་པར་འདོན་པ་དང་། ཁྲིམས་ལྟར་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་དམིགས་པ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། སྤྱི་ཚོགས་བདེ་འཇགས་བརྟན་འཇགས་སོགས་ཀྱི་ལས་དོན་གལ་ཆེན་ལ་སྔར་ལས་རོགས་ཤུགས་བཏོན་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་སྒོ་ནས་སྤུས་ལེགས་ནུས་མཐོའི་ཁྲིམས་སྐྱོང་གི་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།


ལྷ་མོ་འཚོས་བསྒྱུར།