ཟླ1ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅོས་སྒྱུར་དང་ཁྲིམས་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཉིས་སྟོང་ཉེར་གསུམ་ལོར་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ལས་གཞི་གསུམ་དང་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་བཞི་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དགུ་གཏན་འབེབས་དང་བཟོ་བཅོས་བྱས་ལ། ལས་རིམ་ལྔ་ལ་བཟོ་བཅོས་བྱས་པ་དང་རྩིས་མེད་དུ་བཏང་བར་མ་ཟད། ཁྲིམས་སྲོལ་སྲོལ་ཡིག་ཉི་ཤུ་ལ་ཞིབ་བཤེར་ཆོག་མཆན་བཀོད།
གྲོང་གསེབ་དར་སྤེལ་གཏོང་བའི་འགག་གནད་དཀའ་གནད་ལ་དམ་པོར་དམིགས་ཏེ། གྲོང་གསེབ་དར་སྤེལ་ཡར་སྐུལ་སྲོལ་ཡིག་ལ་ཞུ་དག་ཐེངས་གསུམ་བྱས་ཏེ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་དམིགས་འབེན་དང་རྩ་དོན། ལས་འགན། བླང་བྱ། བྱེད་ཐབས་བཅས་ཁྲིམས་སྐྱོང་ཁྲིམས་སྲོལ་ཅན་དུ་བསྒྱུར་ཏེ། རང་ཞིང་གི་གྲོང་གསེབ་དར་སྤེལ་གཏོང་བའི་ཁྱབ་ཁོངས་ཁྲོད་ཁྲིམས་འཛུགས་མེད་པའི་སྟོང་ཆ་བསྐངས་ནས། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས“ཞིང་གསུམ”གྱི་དཀའ་གནད་སེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཞབས་ཞུ་འཛུགས་སྐྲུན་ཐོན་ལས་ཀྱི“གནས་བཞིར”དམིགས་ཏེ། ཚྭ་མཚོའི་ཐོན་ལས་དང་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད། དམངས་ཆེན་ཁྲིམས་འཛུགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བསྐྲུན་པ་སོགས་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་དེར་གྲོས་ཞིབ་བྱས་ནས། ལས་རིམ་བཅོས་སྒྲིག་གནས་ཚུལ་གྱི་ཆེད་དམིགས་སྙན་ཞུར་ཆེད་དོན་འདྲི་རྩད་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་སྔར་ལས་ཚད་ལྡན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་པའི་དབང་གིས། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་།
རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མར་ཞིབ་འཇུག་བྱས་ནས་བཟོས་ཏེ། ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ཁྲིམས་འཛུགས་སྔར་ལས་ཚད་ལྡན་དུ་བཏང་ནས། མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་སྤྱི་པའི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི“གནད་དོན་ཆེན་པོ”ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཁྲིམས་སྲོལ་སྒྲིག་སྲོལ་ཚད་ལྡན་ཅན་གྱི་ཡིག་ཆའི་གཞི་གྲངས་མཛོད་ཐོག་མ་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དེ་བཞིན“སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག”གི་ཁྲིམས་སྲོལ་སྒྲིག་སྲོལ་གྱི་ཚད་ལྡན་ཡིག་ཆ་ཅི་ཡོད་གཞི་གྲངས་མཛོད་ནང་བཅུག་ནས་དངོས་སུ་བཀོལ་ཏེ། སྤྱི་ཚོགས་དང་སྤྱི་དམངས་ལ་རིན་མེད་ངང་སྒོ་འབྱེད་བཀོལ་སྤྱོད་བྱས་ཏེ། དམངས་ཀྱི་ཆེད་དུ་ཁྲིམས་སྐྱོང་བ་མངོན་འགྱུར་བྱས།
དམངས་གཙོ་དམངས་འདུན་མཚོན་པའི་སྟེགས་བུ་དང་གཞི་རྟེན་སྔར་ལས་འཐུས་ཚང་དུ་བཏང་བ་དང་། བསམ་འཆར་བསྡུ་ལེན་དང་ཚུར་ལན་སྟེར་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་སྔར་གྱི་བཅོ་ལྔ་ནས་སོ་བཞིའི་བར་ཇེ་མང་དུ་ཕྱིན་ཡོད་ཅིང་། ཁྲིམས་འཛུགས་བསམ་འཆར་དང་གྲོས་འགོ་ཉིས་བརྒྱ་དང་བཅུ་གསུམ་ལ་ཚུར་ལན་བྱིན་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་བརྒྱ་དང་དྲུག་ལ་འཕར་ཡོད་ལ། གྲོང་ཁྱེར་དང་ཁུལ་བརྒྱད་ཡོངས་སུ་ཁེབས་པར་བྱས་པར་མ་ཟད། གཞི་རིམ་མང་ཚོགས་ཀྱི་ཁྲིམས་འཛུགས་རེ་ཞུ་གེགས་མེད་ཡོང་བར་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།