ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཀོད་དེ་བཟོ་བཅོས་བྱས་རྗེས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་གཉེར་མཁན་གྱི་གཅིག་བསྡུས་རེ་ཞུའི་ཚད་གཞི་སྐོར་གྱི་གཏན་འཁེལ་ཁྱབ་བསྒྲགས་བྱས།
2024.01.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་གཉེར་མཁན་གྱི་གཅིག་བསྡུས་རེ་ཞུའི་ཚད་གཞི་སྐོར་གྱི་གཏན་འཁེལ་ཁྱབ་བསྒྲགས་བྱས་པ་དང་། ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། བཟོ་བཅོས་བྱས་པའི་གཏན་འཁེལ་ལས་ད་ལྟ་ལག་བསྟར་བྱེད་པའི་ཚོང་གཉེར་མཁན་གྱི་གཅིག་བསྡུས་རེ་ཞུའི་ཚད་གཞིར་ལེགས་སྒྲིག་བྱས་པ་དང་། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཚོང་རའི་ཞུགས་ཆོག་ཚད་གཞིའི་སྒོ་ཐེམ་ཇེ་ལྷོད་དུ་བཏང་ནས། ཚོང་གཉེར་མཁན་གྱི་གཅིག་བསྡུས་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་རྩ་ཇེ་དམའ་རུ་གཏོང་བ་དང་། སྒེར་སྡེམ་ལ་རྒོལ་བའི་ལྟ་རྟོག་དོ་དམ་གྱི་ལག་བསྟར་ཕན་ནུས་མཐོར་འདེགས་བྱས་ནས་དངུལ་གཏོང་དང་གཅིག་སྡུད་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རེད།

རང་རྒྱལ་གྱིས་ད་ལྟའི་དུས་རིམ་ནང་གི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལྟར་ན། བཟོ་བཅོས་བྱས་རྗེས་ཀྱི་གཏན་འཁེལ་ལས་སྔར་ལས་ལྷག་པའི་སྒོ་ནས་ཚོང་གཉེར་མཁན་གྱི་གཅིག་བསྡུས་ཚོང་གཉེར་རེ་ཞུའི་ཚད་གཞི་མཐོར་འདེགས་བྱས་ཡོད། གཅིག་ནས་གཅིག་བསྡུས་བྱས་པའི་ཚོང་གཉེར་མཁན་ཚང་མ་ལོ་སྔོན་མར་རྩིས་ལེན་བྱས་པའི་འཛམ་གླིང་ཡོངས་ཀྱི་བསྡོམས་རྩིས་ཚོང་གཉེར་འབོར་གྲངས་ཀྱི་ཚད་གཞིར་ཞུགས་དགོས་ལ། ད་ལྟ་ལག་བསྟར་བྱེད་པའི་མི་དམངས་ཤོག་སྒོར་ཐེར་ཆེན་གཅིག་ལས་བརྒལ་བ་དེ་མི་དམངས་ཤོག་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ལྷག་ལ་ཇེ་མཐོར་གཏོང་རྒྱུ་རེད། གཉིས་ནས། གཅིག་བསྡུས་བྱས་པའི་ཚོང་གཉེར་མཁན་ལོ་སྔོན་མར་རྩིས་ལེན་བྱས་པའི་ཀྲུང་གོའི་མངའ་ཁོངས་ཀྱི་བསྡོམས་རྩིས་ཚོང་གཉེར་འབོར་གྲངས་ཀྱི་ཚད་གཞིར་ཞུགས་དགོས་ལ། ད་ལྟ་ལག་བསྟར་བྱེད་པའི་མི་དམངས་ཤོག་སྒོར་ཐེར་འབུམ་གཉིས་བརྒལ་བ་དག་མི་དམངས་ཤོག་སྒོར་ཐེར་འབུམ་བཞི་ལྷག་ལ་ཇེ་མཐོར་གཏོང་རྒྱུ་རེད། གསུམ་ནས་གཅིག་བསྡུས་བྱས་པའི་ཚོང་གཉེར་མཁན་ཚང་མའི་ཁྲོད་ཀྱི་མ་མཐའ་ཡང་ཚོང་གཉེར་མཁན་གཉིས་ལོ་སྔོན་མར་རྩིས་ལེན་བྱས་པའི་ཀྲུང་གོའི་མངའ་ཁོངས་ཀྱི་ཚོང་གཉེར་འབོར་གྲངས་ཀྱི་ཚད་གཞིར་ཞུགས་དགོས་ལ། ད་ལྟ་ལག་བསྟར་བྱེད་པའི་མི་དམངས་ཤོག་སྒོར་དུང་ཕྱུར་བཞི་བརྒལ་བ་དེ་མི་དམངས་ཤོག་སྒོར་དུང་ཕྱུར་བརྒྱད་ལྷག་ལ་ཇེ་མཐོར་གཏོང་རྒྱུ་རེད།

དེ་ལས་གཞན་གཏན་འཁེལ་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒེར་སྡེམ་ལ་རྒོལ་བའི་ཁྲིམས་བསྟར་ལས་ཁུངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་གཞིར་བཟུང་ནས། རེ་ཞུའི་ཚད་གཞིའི་ལག་བསྟར་གནས་ཚུལ་ལ་དཔྱད་འཇོག་བྱེད་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།