ཝང་ཧུའུ་ཉིང་གིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2024.01.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ1ཚེས29ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་གསུང་བཤད་གནང་།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས། ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་དེར་གོ་བ་ནན་མོ་བླངས་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གཙོ་བོར་དམ་པོར་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་ཇུས་འདོན་ཤུགས་འདོན་བྱེད་རྒྱུ་དང་། སྤུས་ཚད་མཐོ་བའི་ཐབས་ཇུས་བཏོན་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གཙོ་བོར་ཞབས་འདེགས་ཞུ་དགོས། ཕྱི་ཕྱོགས་འབྲེལ་བའི་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོར་འཆད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ། སྲིད་གྲོས་ཀྱི་འགན་སྒྲུབ་བྱ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་ཐོག་ནས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་ཚུན་གྱི། གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་ཚུན་གྱི་ལས་དོན་བསྒྲུབས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གིས2023ལོར་ཕྱི་ཕྱོགས་འགྲོ་འོང་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། 2024ལོའི་དམངས་གཙོ་ལྟ་སྐུལ་གྱི་གཙོ་གནད་འཆར་གཞི་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། གོང་གསལ་གྱི་འཆར་ཟིན་དེ་དག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད།

ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི2023ལོའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པའི་ཆ་འཕྲིན་ལས་དོན་དང་། ཨུ་ཡོན་གྱིས་འགན་ནུས་སྒྲུབ་པ་དང་རྩ་འཛུགས་བྱས་ཏེ་གྲོས་མོལ་སྲིད་གླེང་གི་བྱེད་སྒོ་སྤེལ་བ། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ལྟ་ཞིབ་རྟོག་ཞིབ་ལས་དོན་སྤེལ་བ། བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་བ། ཨུ་ཡོན་གྱིས“དམངས་ལ་ཞབས་འདེགས་ཞུ་བའི”རང་འཁྲིའི་བྱེད་སྒོ་སྤེལ་བ། ཨུ་ཡོན་གྱིས་དཔེ་ཀློག་བྱེད་སྒོ་སྤེལ་བ། རིག་གཞུང་ཞིབ་འཇུག་གི་ལས་དོན་སྤེལ་བ་སོགས་གནས་ཚུལ་སྙན་ཞུར་ཡིག་ཐོག་ནས་གྲོས་ཞིབ་བྱས་པར་མ་ཟད།《མི་དམངས་སྲིད་གྲོས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་དམངས་གཙོ་གྲོས་མོལ་འཛུགས་སྐྲུན》ལའང་ཡིག་ངོས་ནས་གྲོས་ཞིབ་བྱས།

ཚོགས་ཐོག་ནས་ཝང་ཞའོ་ཅུན་གྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་ལེན་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པས་ཁས་ལེན་བྱ་རྒྱུར་ཕུལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧུ་ཧྭ་དང་ཅང་ཞིན་ཀྲི། ཝང་ཀོང་ཆན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམིགས་ཏེ་གཏམ་བཤད།། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་ཏུང་ཧྥུན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།