ཟླ1ཚེས29ཉིན། ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྱི་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚོགས་འདུར་འགོ་འཛིན་མཛད་དེ་ནན་གྱིས་བསྟན་དོན། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་ནན་མོ་བྱས་ནས། འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་སྔར་ལས་ཆེ་རུ་བཏང་སྟེ། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་དམ་འཛིན་ཡག་པོ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་ལས་དོན་སྒྲུབ་ཕོད་པར་སྔར་ལས་སྐུལ་ལྕག་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་བཅོས་སྒྲིག་ལས་དོན་དེ་གནས་བབ་མངོན་གསལ་སྟེང་བཞག་ནས། དུས་ཡུན་ངེས་གཏན་ནང་ཞིབ་འཇུག་དབྱེ་ཞིབ་བྱེད་པ་དང་ཞིབ་ཕྲའི་བྱེད་ཐབས་འདོན་དགོས། ཆེད་དོན་བྱ་བའི་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དངོས་འབེབས་ལག་བསྟར་བྱེད་ནུས་དང་ཕན་འབྲས་སྔར་ལས་ཆེ་རུ་གཏོང་དགོས། རྒྱུན་རྣམ་ཅན་གྱི་དཔེ་མཚོན་གྱོད་གཞིའི་ཞིབ་བཤེར་དང་ཁྱབ་སྒྲོག་ལས་དོན་དམ་འཛིན་བྱས་ནས། དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་ནན་མོ་བྱེད་དགོས། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་སྔར་ལས་མཐོང་ཆེན་བྱེད་རྒྱུ་དང་། གཟབ་ནན་དངོས་སྒྲུབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྤྱོད་ཚུལ་གྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།