ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་ཞུས་ཏེ་ལུགས་རྙིང་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས།
2024.01.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ1ཚེས29ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་ཞུས་ཏེ་ལུགས་རྙིང་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་པར་མ་ཟད། དེར་བཞུགས་དམག་དཔུང་གི་བློ་མཐུན་རྒན་པ་དང་དམག་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་རྒན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཕུལ།

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གོ་གསར་བ་འཛུགས་པ་དང་དེར་སྲུང་སྐྱོབ་དང་དེ་འཛུགས་སྐྲུན་གྱི་ཆེད་དུ་བྱས་རྗེས་ཆེན་པོ་བཞག་མྱོང་བའི། པེ་ཅིང་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པ་ཚོ་ཀྲུང་གོ་ཟློས་གར་ཁང་དུ་མཉམ་འཛོམས་བྱས་ནས་ལུགས་རྙིང་ལོ་སར་བསུས།

ཕྱི་དྲོའི་དུས་ཚོད་བཞིའི་སྟེང་དུ། ཞི་ཅིན་ཕིང་བློ་མཐུན་རྒན་པ་ཚོའི་ཁྲོད་དུ་ཕེབས་པ་ན་ཚོགས་ར་ཡོངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་བྱས། ཞི་ཅིན་ཕིང་གིས་ལས་བྱེད་པ་རྒན་པ་ཚོའི་ལུས་པོ་བདེ་ཐང་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་གནང་བ་དང་འདྲི་རྩད་གནང་རྗེས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ཁྲིད་སྟོན་འོག་ཏུ། འདས་པའི་ལོ་གཅིག་རིང་གི་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་མཉམ་དུ་ཕྱིར་དྲན་གནང་། བློ་མཐུན་རྒན་པ་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཡང་དག་པར་ཆུད་པར་བྱེད་རྒྱུ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་། ཡིད་ཆེས་བརྟན་གཏོང་དང་སྙིང་སྟོབས་ཆེར་བསྐྱེད། མཐུན་སྒྲིལ་བརྩོན་ལེན་བཅས་བྱས་ནས། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་གྱི་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།

ཐེངས་འདིའི་འཁྲབ་སྟོན་གྱིས“དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་སློབ་སྦྱོང་བྱེད་པ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་བྱས་རྗེས་འཇོག”ཅེས་པ་བརྗོད་དོན་དུ་བཟུང་ནས། རིག་རྩལ་སྐྱ་མི་རུ་ཁག་གིས་དམག་མིར་ཞབས་འདེགས་ཞུ་བའི་གདོད་མའི་རྣམ་པ་མངོན་པར་བྱས་ནས། དུས་རབས་གསར་བའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་གྱི་རླབས་ཆེན་གྲུབ་འབྲས་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་པ་ལས་གཞན། དམག་ཡོངས་ཀྱི་དཔོན་དམག་ཚོས་ལྷག་བསམ་རྣམ་དག་སྒོས་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བློ་སྟོབས་ཀྱི་ཉམས་འགྱུར་གང་ལེགས་སྒོས་མངོན་པར་བྱས། “དུས་རབས་གསར་བ་དང་སྐྱོད་ལམ་གསར་བ། ལོ་གསར་བའི་དམིགས་འབེན་གསར་བ”བཅས་མཚོན་ཐུབ་པའི་གླུ་གར《འཐབ་གླུ་བླངས་ནས་ལུགས་རྙིང་ལོ་སར་བསུ》ཞེས་པ་འཁྲབ་སྟོན་བྱས་ནས། བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་བཟང་པོ་མངོན་པར་བཞེངས།《འོད་ཟེར་སྙེག་པ》ཅེས་པ་འཁྲབ་ལེན་བྱས་ནས་བསམ་བློས་མདུན་ལྗོངས་བརྒྱན་པར་བསྟོད་བསྔགས་བྱས་པ་དང་མ་འོངས་པའི་ལག་ལེན་བརྗིད་པོ་འབད་པས་བསྐྲུན་ནས། ཏང་གི་དར་ཆའི་འོག་དམག་མིའི་བློ་སྒྲིལ་སེམས་སྐྱེད་ཀྱི་ཆོད་སེམས་དང་སྙིང་སྟོབས་མངོན་གསལ་སྒོས་བསྟན། མཉམ་གཞས《ངར་ལྕགས་བཙོ་སྦྱངས་བྱེད》ཅེས་པ་བླངས་ནས། དམག་དཔུང་གི་ཆབ་སྲིད་སྦྱོང་བརྡར་ཇེ་དམ་དུ་གཏོང་བའི་སྲོལ་གསར་སྤྱོད་བཟང་མངོན་པར་བྱས་པ་དང་། བབ་གཙང་གཟི་བརྗིད་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འགན་སྒྲུབ་དད་སེམས་བརྟན་པོ་མངོན་པར་བྱས།

ཀྲང་ཡིའུ་ཞ་དང་ཧི་ཝེ་ཏུང་། ལིའུ་ཀྲིན་ལིས། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་ཀྱིས་མཉམ་དུ་འཁྲབ་སྟོན་ལ་བལྟས།

འཁྲབ་སྟོན་ལ་ལྟ་མཁན་གྱི་ཁྲོད་དུ་ད་དུང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་། པེ་ཅིང་དུ་སྡོད་པའི་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་དམག་དཔུང་གི་དཔོན་དམག་གི་འཐུས་མི་བཅས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།