ཟླ1ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥུའུ་ལང་ཞི་སི་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས30ཉིན་པེ་ཅིང་དུ་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥུའུ་ལང་ཞི་སི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་དང་གོ་གནས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་དང་འཛིམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་བཏོན་པ་རེད། ཀྲུང་གོས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་ཡར་སྐུལ་བྱས་ཏེ་རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། སང་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་བརྒྱད་ཅུ་འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས་ཕྱོགས་སོ་སོ་དང་མཉམ་དུ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་ཀྱི་མཛུབ་ཁྲིད་འོག འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཧྥུའུ་ལང་ཞི་སིས་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ལ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཞིག་ཡིན། ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱལ་སྤྱིའི་མཉམ་ལས་ལ་ཡར་སྐུལ། འཛམ་གླིང་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བ་སོགས་ཕྱོགས་ནས་བྱེད་ནུས་གལ་ཆེན་འདོན་རྒྱུའི་རེ་བ་བཅངས་ཡོད་ཅེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།