ལིས་ཆང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་།
2024.01.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 70

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ1ཚེས29ཉིན་ནས་ཚེས30ཉིན་བར་ཧྲན་ཞི་རུ་རྟོག་ཞིང་གནང་། ལིས་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ནས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དང་། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་ལ་སྔར་ལས་ལེགས་པའི་སྒོ་ནས་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་མི་མེད་གནམ་གྲུའི་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པས། ཕྱོགས་མང་མཐུན་སྦྱོར་དང་མཉམ་འབྲེལ་འགག་སྒྲོལ་རྒྱུན་འཁྱོངས་བྱས་ནས་བཀོལ་སྤྱོད་ཀྱི་རྣམ་པས་སྣེ་འདོམས་བྱས་ཏེ། ལག་རྩལ་གསར་བ་དང་ཐོན་རྫས་གསར་བ་མྱུར་དུ་ཞིབ་འཇུག་གསར་སྤེལ་བྱས་ནས། བར་སྣང་དཔལ་འབྱོར་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་དགོས་མཁོ་སྐོང་དགོས་ཞེས་གསུངས།

ལིས་ཆང་གིས་ཧྲན་ཞི་ཡིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཧྲན་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞིའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་ལས་དོན་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཐོད་བརྒལ་ཡོང་བར་འབད་དེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་སྔར་ལས་ཆེན་པོ་འདོན་དགོས་པའི་རེ་བ་བཏོན།

ཝུའུ་ཀྲིན་ལུང་གིས་རྟོག་ཞིབ་བྱེད་རོགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།