ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་འགོ་འཛིན་མཛད།
2024.01.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ1ཚེས31ཉིན་གྲོས་ཚོགས་བསྡུས་ནས《ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་ཉན་པ་དང་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ》དང་། 《ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ཕྱོགས་སྡོམ་སྙན་ཞུ》། 《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག》བཅས་ལ་གྲོས་ཞིབ་བྱས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་མཛད

ཚོགས་འདུའི་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་བཅས་ཀྱི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་། 2024ལོའི་བྱ་བའི་བཀོད་སྒྲིག་ལ་མོས་མཐུན་བྱུང་། ཚོགས་ཐོག་ཏུ་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་ལ། ཏང་ཙུའུ་ལྔ་པོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ཏེ་རང་འགན་གཙང་སྒྲུབ་བྱས་ལ། ཏང་ཙུའུ་ཡི་རང་ངོས་འཛུགས་སྐྲུན་ལ་དངོས་སུ་ཤུགས་བསྣན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་བརྟན་འཇགས་སྲུང་འཛིན་བྱེད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ནས་ཕྱོགས་སོ་སོའི་བྱ་བར་འགོ་ཡག་པོ་ཞིག་བཙུགས་ཡོད་ལ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་རང་འགུལ་ངང་ཧུར་ཐག་གིས་བྱེད་ཐབས་སྤྱོད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མང་ཚོགས་ཚོགས་པའི་འཛུགས་སྐྲུན་དང་བཅོས་སྒྱུར་ལ་མཛུབ་ཁྲིད་བྱེད་པ་སོགས་ཐད་ནས་ཕན་ལྡན་བྱ་བ་འབོར་ཆེན་བསྒྲུབས་ཡོད་པར་འདོད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། 2024ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ཅེས་པའི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆེས་ཆེ་བའི་ཆབ་སྲིད་ལ་དམ་པོར་དམིགས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེ་དམ་འཛིན་ཡག་པོ་བྱས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་རྒྱུར་འགན་ལེན་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་གྱིས་ཇེ་མཐོར་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་མཐའ་ཚད་བསམ་གཞིག་རྒྱུན་འཁྱོངས་བྱེད་པ་དང་། འཐབ་རྩོད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་ཤུགས་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་སྣེ་ཁྲིད་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་བྱས་ཏེ་ཏང་གི་རང་ངོས་གསར་བརྗེ་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་གཏིང་ཟབ་བྱེད་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཇེ་ཆེར་གཏོང་བ་དང་། རང་འགན་གཙང་སྒྲུབ་བྱེད་པ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་སྣ་ཚོགས་སྤུས་ཚད་མཐོན་པོས་མུ་མཐུད་དུ་ལེགས་འགྲུབ་ཡག་པོ་བྱེད་དགོས།

ཚོགས་འདུའི་སྟེང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་འགོ་ཚུགས་པའི་ཚུན་ལ། ཏང་ཡོངས་ཀྱིས“དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་བསྟར་འཛིན། བྱས་རྗེས་འཇོག”ཅེས་པའི་སྤྱིའི་བླང་བྱར་དམ་པོར་དམིགས་ནས་བརྗོད་དོན་གཙོ་བོའི་གཙོ་གནད་ལ་དམིགས་པ་དང་། དམིགས་འབེན་ལས་འགན་ཁ་གསལ་བཟོ་བ། བསླབ་ནས་བློ་སྦྱོང་བྱེད་པ་དང་། བསླབ་ནས་རིག་སྟོབས་བསྐྱེད་པ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་བྱས་ནས། འགོ་རྩོམ་པའི་ལོ་ཡི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་གནད་དོན་དང་། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན། ཏང་འཛུགས་སྐྲུན་བྱེད་པའི་འབུར་ཐོན་གནད་དོན་བཅས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་སྔོན་དཔག་གི་དམིགས་ཡུལ་འགྲུབ་པར་བྱས་ནས་གྲུབ་འབྲས་མངོན་གསལ་ལེན་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་མུ་མཐུད་དུ་ཤུགས་སྣོན་པ་དང་། ཏང་ཡོན་ལས་བྱེད་པས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་རྒྱུན་འཁྱོངས་བྱས་པ་བརྒྱུད་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་རྟོགས། བྱེད་ཐབས་སྦྱོང་བ། བློ་རིག་འཕེལ་བ། རྩ་བ་བརྟན་པ་དང་། གདེང་ཚོད་ཡོད་པ། སེམས་ཤུགས་གཅིག་སྒྲིལ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་དང་།  གནད་དོན་ཐག་གཅོད་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ། དག་ཐེར་བཅོས་སྐྱོང་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དངོས་སུ་མྱོངཐུབ་པར་བྱེད་དགོས། སྤྱོད་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། “གཞི་རིམ་དུ་བསྐྱོད་པ”དོན་འཁྱོལ་བྱེད་པ། དུས་རབས་གསར་བའི་མང་ཚོགས་ལམ་ཕྱོགས་སུ་བཟང་བོར་བསྐྱོད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་དོན་དམ་འཛིན་ནན་མོ་བྱེད་པ། གཞི་རིམ་གྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། དོན་འཁྱོལ་བྱ་རྒྱུ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ་དངོས་སྒྲུབ་ལ་མཐོང་ཆེན་དང་། ལས་དོན་ཏན་ཏིག་གིས་སྒྲུབ་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་བསྒྱུར་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གཙོ་ཤུགས་འགན་འཁྲི་འཁུར་ཏེ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས།

ཚོགས་འདུའི་སྟེང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོའི་ཏང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག》ལ་སྔ་རྗེས་སུ་བཟོ་བཅོས་ཐེངས་གསུམ་བརྒྱབ་སྟེ་སྐོར་ཞིབ་བྱ་བ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་ཚང་དུ་བཏང་ཡོད། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ“སྲུང་སྐྱོང་གཉིས”རྩ་བའི་ལས་འགན་ལ་བརྩིས་ནས་དབང་ཆ་དང་འགན་འཁྲི་ལ་དམ་པོར་དམིགས་པ་དང་། “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་དམ་པོར་དམིགས་པ། མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྐོར་ཞིབ་དག་ཐེར་ལ་ཤུགས་སྣོན་པའི་ཐད་སྒྲིག་སྲོལ་ངོ་མ་འདོན་པ་དང་ཕན་འབྲས་དངོས་ཐོབ་པར་བྱས་ནས་དག་ཐེར་གྱི་འགན་འཁྲི་ཏན་ཏིག་གིས་སྒྲུབ་པ་དང་། དག་ཐེར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྐོར་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བྱེད་པ། རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། སྐོར་ཞིབ་ཕྱོགས་བསྡུས་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྐོར་ཞིབ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་བསྣནཏེ་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས། སྐོར་ཞིབ་བྱེད་པ་དང་གོང་འོག་མཉམ་འབྲེལ་གྱི་མ་ལག་དགེ་མཚན་འདོན་སྤེལ་བྱས་ཏེ་ལྟ་སྐུལ་དྲ་བ་བརྟན་པོར་འཛུགས་དགོས། 《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས་སྐོར་ཞིབ་དཔུང་སྡེའི་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་སྐོར་ཞིབ་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས། 

ཚོགས་འདུའི་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

ཤ་བོ་གསེར་མཚོས་བསྒྱུར།