ཟླ1ཆེས31ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་སྤྱི་བདེ་ཅུའུ་ཀྲང་གི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྤྱི་བདེ་བྱ་བར་བཏོན་པའི་བླང་བྱ་བརྒྱུད་བསྒྲགས་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལས2023ལོའི་བྱ་བར་ཕུལ་བྱུང་གྲུབ་འབྲས་བླངས་པའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས། ཧྲིན་ཀྲང་གཞོན་པ།སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡཱ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ལས་འདས་པའི་ལོ་ངོ་གཅིག་གི་རིང་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ་དང་། མིག་སྔར་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་གཏིང་ཟབ་བྱས་ནས། རྗེས་མའི་དུས་སྐབས་གཅིག་གི་བྱ་བ་གཙོ་བོར་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། དོན་དངོས་གཞིར་འཛིན་པ་དང་དོན་འཁྱོལ་དམ་འཛིན།གྲངས་གནས་འཕར་བ་དང་ཁྱད་ཆོས་ལྡན་པ་བཅས་ཀྱི་བྱ་བའི་བླང་བྱ་མཐའ་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ཤིང་། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་དེ་གཙོ་གནད་དུ་འཛིན་པ་དང་། གསར་གཏོད་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དེ་སྒུལ་ཤུགས་ལ་འཛིན་པ། ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དེ་སྣེ་ཁྲིད་དུ་བྱེད་པ། ཚན་རྩལ་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་རྒྱུ་འདེགས་སྐྱོར་དུ་བྱེད་པ་དང་། ནུས་པ་ལྡན་པའི་སྤྱི་བདེ་རུ་ཁག་འཛུགས་རྒྱུ་དེ་ཁག་ཐེག་ཏུ་བརྩི་བ། ལས་བྱེད་པས་བསྒྲུབ་དགོས་པ་དང་།བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་པ་བཅས་ཁྲིད་སྟོན་དུ་འཛིན་པ་དང་། ཉེན་ཁ་སྔོན་འགོག་དང་།མི་མངོན་ཉེན་ཁ་སེལ་བ། གྱོད་དོན་བྱུང་ཚད་ཇེ་དམར་གཏོང་བ་དང་བདེ་འཇགས་འགན་སྲུང་བཅས་ཀྱི་ཆེད་དོན་འགུལ་སྐྱོད་དེ་དམ་པོར་བཟུང་ནས། ནུས་ཤུགས་ཡོད་རྒུས་སྤྱི་བདེ་བྱ་བ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་གསར་བའི་སྤྱི་བདེའི་འཐབ་འཛིང་ནུས་ཤུགས་ཆགས་པར་བྱས་ཏེ། ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་དང་། མི་དམངས་ཀྱི་བདེ་སྐྱིད་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་རླབས་ཆེན་འོས་འགན་ལག་ཏུ་བསྟར་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་བས་ཆེན་པོ་འཇོག་དགོས།
ལྷ་མོ་འཚོས་བསྒྱུར།