ཁྲིན་ཀང་གིས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་གཙོ་བོའི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་བྱས།
2024.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ1ཚེས30ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་གཙོ་བོའི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་བྱས། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་དག་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་འདྲེས་པར་བྱེད་པ་དང་། མིག་གསུམ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱས་ཤིང་། མཚོ་སྔོན་དུ་རྐང་བཙུགས་ནས་མཚོ་སྔོན་ལ་བྱས་རྗེས་འཇོག་པ་དང་། མཚོ་སྔོན་དྲིལ་སྒྲོག་བྱེད་པའི་བརྒྱུད་རིམ་ཁྲོད་ལས་དོན་དོན་སྙིང་ལྡན་པ་ཞིག་བསྐྲུན་དགོས་ཟེར།

མཉམ་དུ་དུས་རབས་གསར་བ་དང་མཚོ་སྔོན་གསར་བ། བཞུད་ལམ་གསར་བ་བཅས་ཀྱི་བརྗོད་དོན་འགྲེམ་སྟོན་ལ་བལྟས་པ་དང་། ཀྲུང་དབྱང་གི་སྨྱན་བྱད་གཙོ་བོའི་མཚོ་སྔོན་གྱི་གནས་ཚུལ་བསྒྲགས་པའི་ཕྱོགས་བསྡུས་བརྙན་ཐུང་ལ་བལྟས་ནས། མི་དམངས་ཉིན་རེའི་ཚགས་པར་ཁང་མཚོ་སྔོན་ཡན་ལག་ཁང་གི་མགོ་ཁ་ཧི་ཡུང་དང་། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་མགོ་བ་ཧོང་ཧོ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་མཚོ་སྔོན་སྤྱིའི་ས་ཚིགས་ཀྱི་མགོ་བ་ཞོང་ཁྲོན་ཀང་། འོད་ཟེར་ཉིན་རེའི་ཚགས་པར་མཚོ་སྔོན་གསར་འགོད་པའི་ས་ཚིགས་ཀྱི་མགོ་བ་པད་མ་རྒྱལ། ཀྲུང་གོའི་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་མགོ་བ་ཧུའུ་ཀྲུང་དབྱེ། མི་དམངས་དྲ་བའི་མཚོ་སྔོན་འཕྲིན་ལམ་གྱི་འགན་ཁུར་བློ་མཐུན་པེ་པའོ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་སྤེལ། ཚང་མས་མྱོང་ཚོར་གླེང་བར་མ་ཟད་གྲོས་གཞི་བཏོན་ནས། ཡུལ་དངོས་སུ་སྤྲོ་དགའི་རྣམ་པས་ཡོངས་སུ་ཁེངས་ཡོད་པར་མ་ཟད། ལྷག་བསམ་རྣམ་པ་དག་ཅིང་སྙིང་ཉེ་བ་ཞིག་རེད། ཁྲིན་ཀང་གིས་ནན་ཏན་གྱིས་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། ཚང་མས་གླེང་བ་ཕྱོགས་ཆེ་ཆུང་གཉི་ག་ཡོད་ལ། བརྩེ་བ་དང་གསར་གཏོད་ཡོད་པ་དང་། ལྟ་ཚུལ་དང་བསམ་བློ་མི་འདྲ་བ་ཡོད་པས། ཉན་རྗེས་བློ་བསྐྱེད་ཆེན་པོ་བྱུང་སོང་། འདས་པའི་ལོ་གཅིག་གི་ནང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ཀྱིས་ཧུར་ཐག་སྒོས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་ཡོད་པ། མཚོ་སྔོན་དྲིལ་སྒྲོག་བྱེད་པ་བཅས་ལག་ལེན་དུ་བསྟར། གནད་ས་འབུར་ཐོན་དུ་མཚོན་ཞིང་མི་སེམས་འགུལ་བའི་གསར་འགྱུར་བརྩམས་ཆོས་ལ་བརྟེན་ནས། མཚོ་སྔོན་གྱི་བྱ་བའི་རྣམ་པ་ཕྱོགས་ཡོངས་དང་ཟུང་མང་བོ་ནས་མངོན་པར་བྱས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་བཞུད་ལམ་གསར་བར་འབད་པས་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པའི་ཡིད་ཆེས་དང་ཆོད་སེམས་སྐུལ་སྤེལ་བྱས་ཏེ། མཚོ་སྔོན་གྱི་མིང་གྲགས་དང་མཚན་སྙན་སྔར་ལས་རྒྱས་པར་བྱས་ཡོད་ཟེར།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་དེ་ཏང་གི་སྨྱན་བྱད་དང་གཙོ་རྒྱུན་སྨྱན་བྱད། དེང་རབས་སྨྱན་བྱད་བཅས་ཡིན་པའི་ཆ་ནས། ཆབ་སྲིད་ཀྱི་འགན་འཁྲི་དང་དམིགས་བསལ་གྱི་ལས་འགན་ཕྲག་ཏུ་བླངས་ཡོད། ཚང་མས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཤིང་། ཕྱོགས་ཡོངས་ནས་དུས་རབས་གསར་བའི་མཚོ་སྔོན་གྱི་འགྱུར་ལྡོག་དང་རྣམ་པ་གསར་བ་མཚོན་པར་བྱས་ཏེ། སྔར་ལས་མང་བའི་མི་རྣམས་ལ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དྲག་ཏུ་ལྡིང་བའི་སྲོག་རྩ་ཚོར་དུ་འཇུག་དགོས། ཚང་མས་འགུལ་སྐྱོད་སྤེལ་བ་དང་སེམས་གནད་དུ་ཕབ་པ། གཞི་རིམ་དུ་སོང་ནས་དུས་རབས་གསར་བའི་གསར་འགྱུར་བྱ་བ་བྱེད་མཁན་གྱི་འགྲོ་ནུས་དང་ལྟ་ནུས། བསམ་ནུས། འབྲི་ནུས་བཅས་འདོན་སྤེལ་བྱས་ཤིང་། གཞི་གདངས་གཙོ་བོ་དབྱངས་སུ་གྱེར་བ་དང་དྲང་ཕྱོགས་ཤུགས་ཚད་དར་སྤེལ་བྱས་ཏེ། ཏང་དང་སྲིད་གཞུང་གི་འབོད་སྐུལ་བརྒྱུད་སྒྲོག་གང་ལེགས་བྱས་ནས། མི་དམངས་མང་ཚོགས་ཀྱི་སེམས་སྒྲ་མཚོན་པར་བྱེད་དགོས། ཚང་མས་ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པ་བཅས་ལ་དམིགས་ནས། གླེང་ཕྱོགས་ལྟ་རྟོག་གི་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། དོགས་གཞི་སེལ་བ་དང་གླེང་ཕྱོགས་ལ་སྣེ་ཁྲིད་བྱེད་པ། མི་སེམས་གཅིག་སྒྲིལ་སྒོས་མཚོ་སྔོན་དང་བསམ་ཕྱོགས་མཐུན་པ་དང་། མཚོ་སྔོན་དང་མཉམ་དུ་འཚར་ལོངས་བྱུང་ནས། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་བཞེངས་བྱས་པའི་རླབས་ཆེན་ཇུས་གཞི་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་དག་གིས་དུས་ཡུན་རིང་བོར་མཚོ་སྔོན་དུ་བྱ་བ་བསྒྲུབས་ནས། མཚོ་སྔོན་གྱི་བྱ་གཞག་སོ་སོར་སྐུལ་མ་བཏང་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྨྱན་བྱད་བར་གྱི་འབྲེལ་འདྲིས་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། སྨྱན་བྱད་ཀྱིས་བྱ་བ་སྤེལ་བར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ། ལས་ཡུལ་དང་པོའི་གསར་འགོད་པ་དང་རྩོམ་སྒྲིག་པར་སེམས་ཁུར་བྱས་ནས། མཉམ་དུ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར།

བཞུགས་མོལ་བྱེད་སྐབས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ཞིང་ཆེན་ཏང་ཨུས་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། མུ་མཐུད་དུ་ལྟེ་གནས་ལ་དམིགས་ནས་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་དང་། སྔར་ལས་མི་སེམས་འགུག་པའི་གསར་འགྱུར་དང་གསར་སྣང་སྟེར་བའི་དྲིལ་སྒྲོག་རྣམ་པར་བརྟེན་ནས། དུས་རབས་གསར་བའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གཞི་གདངས་དབྱངས་སུ་གྱེར་རྒྱུའི་ཚུལ་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏཱ་ནན་བཞུགས་མོལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།