ཟླ2ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་གསུམ་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ།《ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། གནའ་སྔ་མོ་ནས་བཟུང་རང་རྒྱལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འོད་སྟོང་རབ་ཏུ་འབར་བའི་ཀྲུང་ཧྭའི་ཤེས་རིག་གསར་སྐྲུན་དང་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་བསྐྲུན་ཡོད། རང་རེའི་ཏང་དབུ་བརྙེས་པ་ནས་བཟུང་། མི་རིགས་ཀྱི་གནད་དོན་དང་མི་རིགས་ཀྱི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་མི་རིགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་འདུ་ཤེས་ཐད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པ་བཅས་ཀྱི་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཙོ་གནད་དང་མི་རིགས་ས་ཁུལ་གྱི་བྱ་བ་སོ་སོའི་དཀྱིལ་སྙིང་དུ་བརྩིས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་པ་སྔར་ལས་རྒྱ་བསྐྱེད་བཏང་སྟེ། ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ངང་གིས་གྲུབ་པར་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་བ་བསྐྲུན་ཏེ། ཏང་གི་མི་རིགས་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་ཐོབ།
རྩོམ་ཡིག་ལས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ནི་དོན་གྱིས་མི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་འབྲེལ་བཅས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ནི། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་དང་མི་རིགས་ས་ཁུལ་གྱི་བྱ་བ་སོ་སོའི་གཙོ་གནད་དུ་བརྩི་རྒྱུ་དེ་ནི། རང་རེའི་ཏང་གིས“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་པ་དང“ཕྱོགས་ཡོངས་གཉིས”ལ་དམ་པོར་དམིགས་པ། རྒྱལ་ཁབ་ཕྱི་ནང་གི་མི་རིགས་བྱ་བའི་ཉམས་མྱོང་དང་བསླབ་བྱར་སྤྱི་སྡོམ་གནད་ཁེལ་བྱས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་རྟོགས་བྱས་པ་བཅས་ལས་ཐོབ་པའི། གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན།
རྩོམ་ཡིག་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་ལ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་བའི་སྟེང་དངོས་སུ་བསྐྱོད་པ་དང་། ཏང་གི་མི་རིགས་བྱ་བ་གནས་བབ་དང་ལས་འགན་གསར་བར་འཕྲད་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་མེད་མི་རུང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། ཏང་གི་མི་རིགས་བྱ་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་བ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། རྣམ་པ་བཟང་བོ་སྔར་ལས་སྲ་བརྟན་དུ་གཏོང་བ། ཏང་གི་མི་རིགས་བྱ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐུལ་སྤེལ་ནན་མོ་གཏོང་བ་བཅས་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་རིང་བོའི་ལོ་རྒྱུས་དངོས་ནས་རྐང་བཙུགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་རྒྱུར་ཤུགས་སྣོན་དགོས། ཀྲུང་ཧྭ་མི་རིགས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་མངའ་བའི་དབང་གིས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་དབྱེ་ཞིབ་བྱེད་སྐབས། ནུབ་ཕྱོགས་ཀྱི་མི་རིགས་གཞུང་ལུགས་འདྲ་བཤུས་རྒྱག་མི་རུང་བར། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་རིང་བོའི་ལོ་རྒྱུས་དངོས་ནས་རྐང་ཚུགས་པར་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་རྒྱུ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་གཞུང་ལུགས་གཏན་ཚིགས་བརྩི་སྲུང་བྱས་ནས། ཀྲུང་ཧྭ་མི་རིགས་བྱུང་འཕེལ་གྱི་གནས་ལུགས་ཅི་ཡོད་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་སྟོན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་དགོས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་བྱ་རྒྱུ་ནི། ང་ཚོ་ལྟ་བུའི་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་རྒྱུན་རིང་ལྡན་པའི་རྒྱལ་ཁབ་ཅིག་གི་བརྗིད་ཉམས་ཆེ་བའི་བྱ་སྤྱོད་རླབས་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཡོད་འོས་པའི་དོན་སྙིང་ཡང་ཡིན། ངེས་པར་དུ་ཀྲུང་ཧྭ་མི་རིགས་འདི་ཉིད་ལོ་རྒྱུས་ནས་མ་འོངས་པར་བསྐྱོད་པ་དང་སྲོལ་རྒྱུན་ནས་དེང་རབས་སུ་བསྐྱོད་པ། སྣེ་མང་ཅན་ནས་གཅིག་གྱུར་གྱི་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོར་སྒོ་ཀུན་ནས་བསྟུན་རྒྱུ་དང་། ཀྲུང་ཧྭའི་ཤེས་རིག་གི་ཁྱད་ཆོས་འབུར་ཐོན་ཅན་ལ་གོ་བ་ཟབ་མོ་ལེན་པ་དང་དེར་སྟངས་འཛིན་ནན་མོ་བྱས་ཏེ། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བའི་སྟེང་དུ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད། སྲ་ཞིང་བརྟན་པའི་སྙིང་སྟོབས་དང་རིག་གནས་ཀྱི་རྨང་གཞི་འདིང་དགོས།
རྩོམ་ཡིག་ལས་བསྟན་དོན། མི་རིགས་སོ་སོ་རྒྱ་ཁྱབ་ངང་འགྲོ་འོང་བྱེད་པ་དང་བརྗེ་རེས་བྱེད་པ། མཉམ་འདྲེས་ཡོང་བ་བཅས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་དུ་གཞི་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་བསྐྲུན་པ་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་དོན་དེའང་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་དུ་གཞི་ནས་མངོན་འགྱུར་ཡོང་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྔོན་འགྲོ་དང་རྨང་གཞི་ཡིན་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་དངོས་ཀྱང་ཡིན་ལ། མི་རིགས་སོ་སོ་རྒྱ་ཁྱབ་ངང་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ཀྱི་གོ་རིམ་ཞིག་ཀྱང་ཡིན་པར་མ་ཟད། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན་པས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ཏེ། མི་རིགས་སོ་སོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་མཉམ་དུ་འབད་འཐབ་བྱ་རྒྱུ་དེ་ནི། སྐྱོད་ལམ་གསར་བའི་སྟེང་གི་ཏང་གི་མི་རིགས་བྱ་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས།
རྩོམ་ཡིག་ལས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་ཡག་པོར་འཆད་རྒྱུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་ཤུགས་ཆེན་བྱེད་དགོས། མི་རིགས་བྱ་བ་ནི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་བྱ་བ་ཞིག་ཡིན། ངེས་པར་དུ“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དྲིལ་སྒྲོག་གང་ལེགས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་དྲིལ་སྒྲོག་ཤུགས་ཆེན་བྱེད་པ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་གནས་ཚུལ་དྲིལ་སྒྲོག་གང་ལེགས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་མཛེས་སྡུག་གི་ཕུགས་འདུན་དྲིལ་སྒྲོག་གང་ལེགས་བཅས་བྱེད་དགོས། མི་རིགས་དྲིལ་སྒྲོག་དང་འབྲེལ་བ་ཡོད་པའི་དྲིལ་སྒྲོག་བྱེད་སྟངས་གསར་གཏོད་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོར་འཆད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི། རང་རྒྱལ་མི་རིགས་སོ་སོ་མཉམ་དུ་འཕེལ་རྒྱས་འགྲོ་བ་དང་ཡར་ཐོན་ཡོང་བའི་བློ་གཏད་ཆོག་པའི་འགན་ལེན་ཞིག་ཡིན་པ་གསལ་བོར་བཤད་པ། ཀྲུང་ཧྭ་མི་རིགས་ནི་ཐུན་མོང་གི་ངོས་འཛིན་དང་གོང་བུར་འགྲིལ་ཤུགས་ཆེན་པོ་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཞིག་ཡིན་པ་གསལ་བོར་བཤད་པ། ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་གི་ཁྱད་འཕགས་རང་བཞིན་གསལ་བོར་བཤད་པ་བཅས་བྱེད་དགོས།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ལས་འགན་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་རྒྱུན་འཁྱོངས་བྱས་ཏེ། ཏང་གི་མི་རིགས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་ཚང་མ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ས་ཁུལ་དེ་དང་ལས་ཁུངས་དེའི་མི་རིགས་བྱ་བར་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་ཡང་དག་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱས་ཏེ། མི་རིགས་བྱ་བ་ཡག་པོ་སྒྲུབ་པའི་འཇོན་ཐང་མངོན་སུམ་གྱིས་ཇེ་ཆེར་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།