ཟླ2ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲོད་དམའ་གངས་ཆར་འཁྱག་དར་གྱི་གནོད་འཚེ་འགོག་ཟོན་དང་ཁ་གཏད་འཇལ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་སེལ་གནོད་སྐྱོབ་དང་དྲོད་དམའ་གངས་ཆར་འཁྱག་དར་གྱི་གནོད་འཚེ་འགོག་ཟོན་དང་ཁ་གཏད་འཇལ་བའི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། རང་ཞིང་གི་འགོག་ཟོན་དང་ཁ་གཏད་འཇལ་བའི་བྱ་བར་བཀོད་གཏོང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བའི་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་བཀོད་སྒྲིག་བྱས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཉེ་དུས་རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་རྒྱུན་མཐུད་ངང་ཁྱབ་ཁོངས་ཆེ་བའི་དྲོད་དམའ་གངས་ཆར་འཁྱག་དར་གྱི་ནམ་ཟླ་བྱུང་བ་དང་། རང་ཞིང་གི་ས་ཁུལ་ཁ་ཤས་སུ་ཡང་ཁངས་ཆེན་པོ་དང་ཁངས་འབྲིང་ཙམ་འབབ་ངེས་ལ། སྔོན་རྩིས་ལྟར་ན་དུས་ཚོད་ཅུང་རིང་བོར་རྒྱུན་སྲིང་བྱ་རྒྱུ་ཡིན་པ་དང་། ལོ་སར་གྱི་སྐྱེལ་འདྲེན་དང་ཕྱིར་ལོག་གི་གནད་འགག་དུས་སྐབས་སུ་ཡང་སླེབས་ཡོད། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། འབྱུང་སྲིད་པའི་ཐལ་དྲག་པའི་གནས་ཚུལ་ལ་རྐང་འཛུགས་པ། ཚད་མཐའི་བསམ་གཞིག་དང་མཐར་ཟད་བསམ་གཞིག་ཇེ་བརྟན་དུ་གཏོང་བ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་སྔོན་དུ་བཀོད་འདོམས་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཁ་གཏད་འཇལ་བ་དང་འགོག་ཟོན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། གནམ་གཤིས་ཆ་འཕྲིན་གྱི་ལྟ་ཞིབ་ཞིབ་གཅོད་དང་སྔོན་བརྡ་ཉེན་བརྡར་ཤུགས་སྣོན་པ། ཉེན་ཁར་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། འཕྲལ་བསྟུན་འཁྲབ་སྦྱོང་ལ་ཤུགས་སྣོན་པ། གློ་བུར་བྱུང་བའི་ཉེན་ཁར་ཁ་གཏད་འཇལ་བ་དང་ཐག་གཅོད་པ། ལས་རིགས་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་འགོག་ཟོན་ལ་གཅིག་འདོམས་དམ་འཛིན་བྱས་ཏེ། ཕན་ལྡན་བྱེད་ཐབས་སྤྱད་དེ་འགྲིམ་འགྲུལ་སྐྱེལ་འདྲེན་དང་གྲོང་ཁྱེར་གྱི་འཁོར་རྒྱུག་བདེ་འཇགས་ལ་འགན་སྲུང་བྱེད་དགོས། དམངས་ཚིས་ཚོང་རྫས་ཀྱི་མཁོ་འདོན་འགན་སྲུང་དང་དངོས་གོང་བརྟན་འཇགས། འཕྲལ་བསྟུན་དངོས་ཟོག་ཉར་གསོག་བྱ་བ་བཟང་བོར་བསྒྲུབ་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་མཐིལ་རྟོགས་འགན་སྲུང་བྱ་བར་ཤུགས་སྣོན་པ། མང་ཚོགས་ཀྱི་འགོག་ཟོན་ཉེན་གཡོལ་ཤེས་བྱ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱིས་བདེ་འཇགས་དྲོད་ཁོལ་གྱི་དགུན་ཁ་ཞིག་རོལ་བར་ཁག་ཐེག་བྱེད་དགོས། ཁོངས་གཏོགས་ས་ཆའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། དུས་ཚོད་ཉེར་བཞིའི་ལས་རེས་ལས་སྲུང་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ཆ་འཕྲིན་བརྒྱུད་སྤྲོད་ལ་ཤུགས་བསྣན་ནས། གློ་བུར་དུ་བྱུང་བའི་གནས་ཚུལ་ལ་ཐུག་ན་བཀའ་རྒྱ་གེགས་མེད་དང་འགུལ་སྐྱོད་མགྱོགས་པོ། ཐག་གཅོད་འོས་འཚམ་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། གནམ་གཤིས་ལྟ་ཞིབ་དང་གྲོས་མོལ་ཞིབ་གཅོད་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་སྔོན་བརྡ་ཉེན་བརྡ་དང་གནོད་འགོག་གནོད་གཡོལ་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། འཕྲལ་བསྟུན་འཕྲལ་སྒྲུབ་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་དང་གེགས་མེད་ཡོང་བར་ཁག་ཐེག་བྱེད་པ་དང་། འདྲེན་ཤུགས་བཀོད་སྒྲིག་ལ་གཅིག་འདོམས་བྱེད་པ། གཞུང་ལམ་གནས་ཚུལ་ལ་སྐོར་ཞིབ་བྱེད་པར་ཤུགས་བསྣན་ནས། དུས་ཐོག་ཏུ་འཁྱགས་སེལ་གངས་སེལ་དང་ཆ་འཕྲིན་ཁྱབ་བསྒྲགས། ཉེན་ཁ་ཐག་གཅོད་བྱེད་དགོས། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ལ་འགན་སྲུང་བྱེད་པ་དང་། སོལ་གློག་སྣུམ་རླངས་ཀྱི་མཁོ་འདོན་བདེ་འཇགས་ལ་ཤུགས་སྣོན་པ། ཞིང་ཕྱུགས་ལས་ཐད་དུ་གྲང་ངར་འགོག་པ་དང་རི་ཉིལ་བ་འགོག་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ། དམངས་ཚིས་ཚོང་རྫས་གལ་ཆེན་གྱི་ཐོན་འཚོང་དང་མཁོ་འདོན་འགན་སྲུང་ལ་ཤུགས་བསྣན་ནས། དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། གནོད་འཚེ་འགོག་ཟོན་དང་ཁ་གཏད་འཇལ་བའི་བྱ་བ་བཟང་བོར་སྒྲུབ་སྟེ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་མི་སྣ་དོན་ཐོག་ཏུ་འཁྱོལ་བ། དངོས་ཟོག་དོན་ཐོག་ཏུ་འཁྱོལ་བ། བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། ས་ཡོམ་གནོད་ཐེབས་ས་ཁུལ་གྱི་གནོད་འགོག་གནོད་སེལ་དང་བདེ་འཇགས་འགན་སྲུང་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཁངས་ཕྱགས་པ་དང་འཁྱག་དར་ཞུ་བར་བྱེད་པ། དམངས་ཚིས་འགན་སྲུང་། བདེ་འཇགས་དོ་དམ་སོགས་བྱ་བ་བཟང་བོར་བསྒྲུབ་དགོས། བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། ཉེན་ཁར་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྐྱོང་བྱས་ནས། ཉེན་ཁ་འགོག་པ་དང་ཚད་མཐའ་བརྟན་སྲུང་བྱེད་དགོས། རིམ་པ་བཞིན་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། འཕྲལ་བསྟུན་གྲ་སྒྲིག་ལ་ཤུགས་སྣོན་པ། ལས་རེས་ལས་སྲུང་དང་ཆ་འཕྲིན་བརྒྱུད་སྤྲོད། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་ནས། མྱུར་བ་མྱུར་དུ་བྱེད་ཐབས་སྤྱོད་པ་དང་ནུས་ལྡན་ཐག་གཅོད་བྱེད་པར་ཁག་ཐེག་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་གནམ་གཤིས་ཅུའུ། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་བཅས་ཀྱིས་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས།
རིན་ཆེན་མཚོས་བསྒྱུར།