ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས་བསྡུས།
2024.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ2ཚེས1ཉིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས་དེ་བརྙན་ལམ་རྣམ་པས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་བཏོན་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཁྲིམས་འཛིན་ཐིན་ཅུའུ་ཀྲང་གི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་ཁྲིམས་འཛིན་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། 2024ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། 2023ལོར། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་པ་བཅས་ཀྱི་བླང་བྱ་ལག་བསྟར་ནན་མོ་བྱས་པ་དང་། ལས་འགན་ཁག་ཁུར་ལ་མུ་མཐུད་དུ་ཤུགས་བསྣན་པ། བློ་རྩ་བརྟན་པོས་བཅོས་བསྒྱུར་ཡར་བརྩོན་བྱས་ཤིང་།དུས་རབས་གསར་བའི་ཁྲིམས་འཛིན་སྲིད་འཛིན་གྱི་འགན་ནུས་ལས་འགན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལས་དོན་ཁག་སོ་སོར་རྒྱུགས་ལན་ཡག་པོ་སྤྲད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  གཅིག་གྱུར་དམ་འཛིན་གཅིག་དང་འགན་ནུས་ལྔ་ལག་བསྟར་ཏན་ཏིག་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་སྣེ་ཁྲིད་དམ་པོར་འཛིན་པ། བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་དམ་པོར་བཟོས་ནས། ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཅིག་གྱུར་དམ་འཛིན་གཅིག་དམ་པོར་འཛིན་པ་དང་། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་རྒྱུན་མཐུད་གཏིང་ཟབ་དུ་སྤེལ་ནས། སྤུས་ཚད་སྔར་བས་མཐོན་པོས་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་གྱི་སྤྱི་ཡོངས་དམ་པོར་འཛིན་པ་དང་། ཁྲིམས་འཛུགས་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ། ཁྲིམས་ལྟར་སྲིད་འཛིན་སྤྱོད་ཚུལ་ཚད་ལྡན་དུ་བཟོས་ཏེ། ཁྲིམས་སྐྱོང་འགན་སྲུང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་དགོས། བདེ་འཇགས་བརྟན་འཇགས་ཀྱི་ཚད་མཐའ་དམ་པོར་འཛིན་པ་དང་།འགལ་བ་དང་རྩོད་གཞི་སྣ་མང་ཅན་དུ་ཐག་གཅོད་གཏིང་ཟབ་བྱས་ནས། ཆུ་ཚད་སྔར་བས་མཐོན་པོས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་རོགས་འདེགས་བྱེད་དགོས། མི་དམངས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་དམ་པོར་འཛིན་པ་དང་། སྤྱི་བའི་ཁྲིམས་ལུགས་ཞབས་ཞུའི་འདོན་སྤྲོད་ལེགས་བསྒྱུར། བློ་གྲོས་ལྡན་པའི་ཁྲིམས་སྐྱོང་བསམ་འཆར་དང་བེད་སྤྱོད་ལ་སྐུལ་འདེད་བྱས་ཏེ། སེམས་གནད་དུ་ཕབ་ནས་དམངས་ཆེད་ཁྲིམས་སྐྱོང་ལག་ལེན་དུ་བསྟར་དགོས། རྩ་བ་དང་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཁྲིད་སྟོན་དམ་པོར་འཛིན་པ་དང་། ནུས་པ་ལྡན་པའི་ཁྲིམས་འཛིན་སྲིད་འཛིན་རུ་ཁག་བཙུགས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འབད་པ་ཆེན་པོས་ཁྲིམས་འཛིན་སྲིད་འཛིན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ལྷ་མོ་འཚོས་བསྒྱུར།