ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཅིག་པའི་སྟེང་གསུང་བཤད་གལ་ཆེན་གནང་།
2024.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 113

ཟླ1ཚེས31ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཅིག་པ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་བའི་གནས་ལུགས་འགྱུར་མེད་ཡིན་པ་བློ་ལ་བརྟན་པོར་ངེས་པར་བྱེད་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་བསྐྲུན་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གང་མགྱོགས་ངང་བསྐྲུན་པ། བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་སོགས་ཀྱི་འཐབ་ཇུས་ལས་འགན་དོན་འཁྱོལ་ནན་མོ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་གདེང་འཇོག་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་འདོན་ས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་གསར་གཏོད་ཀྱི་ལས་དོན་ཆེན་པོ་འདི་མུ་མཐུད་བཟང་བོར་བསྒྲུབ་ནས།  ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་སྟེང་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་རང་སྦྱོང་བྱས་པ་དང་བྱ་བའི་མྱོང་ཚོར་བརྗེ་རེས་བྱས། མཱ་ཞིན་རོས་དང་ཧི་ལིས་ཧྥུན། ཀྲང་གོ་ཆིན། ཡོན་ཅ་ཅུན་བཅས་ཀྱིས་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ས་གནས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་པ་དང་། བློ་མཐུན་ལིའུ་གོ་ཀྲུང་དང་ཁྲིན་མེན་ཨར་གྱིས་ཡིག་ཐོག་གཏམ་བཤད་སྤྲད་དེ། ཚང་མས་བསམ་ཚུལ་བརྗེ་རེས་བྱས།

ཞི་ཅིན་ཕིང་གིས་ཐུན་མོང་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གལ་ཆེན་གནང་། ཁོང་གིས་དུས་རབས་གསར་བའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་བསྒྱུར་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་ཅན་དུ་འཕེལ་བཞིན་ཡོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་དང་དོ་མཉམ་རང་བཞིན་མངོན་གསལ་གྱིས་ཇེ་ཆེར་འགྲོ་བཞིན་ཡོད། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཕན་ཚུན་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་འཕེལ་བཞིན་ཡོད་པར་མ་ཟད། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་གྲུབ་འབྲས་མངོན་གསལ་ཅན་ཐོབ་པ་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་ཕྱིན་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། དུས་མཚུངས་སུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོག་རྐྱེན་གང་མང་ཞིག་གནས་ཡོད་པའི་དབང་གིས། དེར་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ནན་མོ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ཅིས་ཀྱང་ཐོན་སྐྱེད་ནུས་ཤུགས་ཀྱི་གཞུང་ལུགས་གསར་བས་མཛུབ་སྟོན་བྱེད་དགོས་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་དེ་ལག་ལེན་ཁྲོད་ངང་གིས་གྲུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་དང་འདེགས་སྐྱོར་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་པ་ལ། ང་ཚོས་ཅིས་ཀྱང་གཞུང་ལུགས་ཀྱི་སྟེང་ནས་སྤྱི་སྡོམ་དང་སྙིང་བསྡུས་བྱས་ཏེ་འཕེལ་རྒྱས་ཀྱི་ལག་ལེན་གསར་བར་མཛུབ་སྟོན་བྱེད་དགོས། མདོར་བསྡུས་ནས་བཤད་ན། ཐོན་སྐྱེད་ནུས་ཤུགས་གསར་མ་ནི་གསར་གཏོད་ཀྱིས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པར་བྱེད་རྒྱུ་དང་། སྲོལ་རྒྱུན་གྱི་དཔལ་འབྱོར་འཕར་སྟངས་དང་སྲོལ་རྒྱུན་གྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ལམ་བུ་ལས་ཡོངས་སུ་ཐར་ཐུབ་པར་བྱེད་པ། ཚན་རྩལ་མཐོན་པོ་དང་ཕན་འབྲས་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་འཛོམས་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་འཚམ་པའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཀྱི་སྤུས་ཚད་རྣམ་པ་ཞིག་ཏུ་འགྱུར་བར་བྱེད་རྒྱུ་དེ་ཡིན་པས། དེ་ནི་ལག་རྩལ་གསར་སྒྱུར་རང་བཞིན་གྱི་འགག་སྒྲོལ་དང་ཐོན་སྐྱེད་རྒྱུ་རྐྱེན་གསར་གཏོད་རང་བཞིན་གྱི་བཀོད་སྒྲིག་ཅིག ཐོན་ལས་ཚུལ་སྒྱུར་རིམ་སྤོར་ཟབ་སྤེལ་བཅས་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། ངལ་རྩོལ་པ་དང་ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་བཅས་དང་དེ་བཞིན་དེའི་ལེགས་སྒྱུར་སྡེབ་སྒྲིག་གི་འཕེལ་རྒྱས་དེ་གཞི་རྩའི་ནང་སྙིང་དུ་འཛིན་པ་དང་། རྒྱུ་རྐྱེན་ཡོངས་ཀྱི་ཐོན་སྐྱེད་ལས་ཆོད་མངོན་སུམ་གྱིས་ཇེ་ཆེར་འཕེལ་བ་དེ་ལྟེ་བའི་མཚོན་རྟགས་སུ་བརྩི་དགོས་ཏེ། དེའི་ཁྱད་ཆོས་ནི་གསར་གཏོད་ཡིན་པ་དང་། གནད་འགག་ནི་སྤུས་ཚད་ལེགས་པོ་ཡིན་ལ། དེའི་ངོ་བོ་ནི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཡིན་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་བ་དང་དཔེ་དབྱིབས་གསར་པ། སྒུལ་ནུས་གསར་བ་བཅས་བསྐྱེད་རྒྱུ་ནི། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལྟེ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས། ངེས་པར་དུ་ཚན་རྩལ་གསར་གཏོད་དང་ལྷག་པར་དུ་ཐོག་མའི་གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱུ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་གང་མགྱོགས་ཀྱིས་མངོན་འགྱུར་བྱེད་པ། གནད་འགག་ལྟེ་གནད་དུ་གྱུར་བའི་ལག་རྩལ་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་པ། ཐོག་མའི་གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཕན་ཚུན་འགྲན་རྩོད་རྣམ་པའི་ངང་ཐོན་པར་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མའི་སྒུལ་ནུས་གསར་བ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དག་དུས་ཐོག་ཏུ་ཞིབ་ཕྲའི་ཐོན་ལས་དང་ཐོན་ལས་ཕྲེང་འབྲེལ་སྟེང་བེད་སྤྱོད་བྱས་ནས། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་རྒྱུ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མའི་ཐོན་ལས་ཕྲེང་འབྲེལ་འཕེལ་རྒྱས་གཏོང་རྒྱུར་དམ་པོར་དམིགས་ཏེ། ཐོན་ལས་ཕྲེང་འབྲེལ་གྱི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་མངོན་སུམ་གྱིས་ཇེ་མཐོར་བཏང་ནས། ཐོན་ལས་མ་ལག་གི་རང་བརྟེན་ཚོད་འཛིན་དང་བློ་གཏད་ཆོག་པའི་བདེ་འཇགས་ལ་འགན་ལེན་བྱེད་དགོས། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་དང་སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ལྡན། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན། གཞི་གྲངས་ཀྲུང་གོ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་སོགས་ཀྱི་འཐབ་ཇུས་ལས་འགན་ལ་དམ་པོར་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་བཀོད་སྒྲིག་བྱེད་དགོས། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གཞི་གྲངས་ཐོན་ལས་ཀྱི་ཚོགས་སྤྱི་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་ནི་ལྗང་མདོག་ཐོན་སྐྱེད་ནུས་ཤུགས་ཡིན། ངེས་པར་དུ་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་གང་མགྱོགས་ངང་བསྒྱུར་ནས། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་དགོས། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་དེ་ལག་བསྟར་བྱས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྷད་མེད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དགོས། ལྷད་མེད་ཚན་རྩལ་གསར་གཏོད་དང་སྔོན་ཐོན་གྱི་ལྷད་མེད་ལག་རྩལ་ཁྱབ་སྤེལ་དང་བེད་སྤྱོད་གང་མགྱོགས་གཏོང་བ་དང་། ལྷད་མེད་བཟོ་སྐྲུན་ལས་རིགས་སྟོབས་ལྡན་དུ་གཏོང་བ། ལྷད་མེད་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ། ལྷད་མེད་ནུས་ཁུངས་ཐོན་ལས་རྒྱ་སྐྱེད་གཏོང་བ། ལྷད་མེད་ཐཱན་ཉུང་ཐོན་ལས་དང་མཁོ་སྤྲོད་ཕྲེང་འབྲེལ་འཕེལ་རྒྱས་གཏོང་བ། ལྷད་མེད་ཐཱན་ཉུང་འཁོར་རྒྱུག་དཔལ་འབྱོར་མ་ལག་འཛུགས་པ་བཅས་བྱེད་དགོས། ལྷད་མེད་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔལ་འབྱོར་སྲིད་ཇུས་ཀྱི་ལག་ཆའི་སྒམ་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་། ལྷད་མེད་དངུལ་རྩའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཕན་འབྲས་ཆེ་བའི་སྐྱེ་ཁམས་ལྷད་མེད་ཐོན་ལས་ཀྱི་ཚོགས་སྤྱི་བསྐྲུན་དགོས། དུས་མཚུངས་སུ། སྤྱི་ཚོགས་ཡོངས་སུ་ལྷད་མེད་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཐོན་སྐྱེད་འབྲེལ་བ་དེ་ངེས་པར་དུ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་དགོས།  ཐོན་སྐྱེད་ནུས་ཤུགས་གསར་མ་གོང་དུ་སྤེལ་བར་ངེས་པར་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་སྔར་ལས་གང་ལེགས་བྱས་ཏེ། དེ་དང་མཐུན་པའི་ཐོན་སྐྱེད་འབྲེལ་བ་གསར་བ་གྲུབ་པར་བྱེད་དགོས། དཔལ་འབྱོར་སྒྲིག་སྲོལ་དང་ཚན་རྩལ་སྒྲིག་སྲོལ་སོགས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་བར་ཚོད་འཛིན་ཐེབས་པའི་འགག་གནད་ལས་ལེགས་པར་སྒྲོལ་ཐུབ་པར་བྱེད་པ་དང་། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་པ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ། སྔོན་ཐོན་དང་སྤུས་ཀ་བཟང་བའི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཕྱོགས་སུ་བདེ་བླག་ངང་འཁོར་རྒྱུག་ཡོང་བར་བྱེད་དགོས། དུས་མཚུངས་སུ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་རྒྱལ་སྤྱིའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་བླང་བྱ་ལྟར་དུ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་འཁོར་རྒྱུག་བཟང་བོ་ཡོང་བར་བྱེད་པ་དང་། འཇོན་མི་གསོ་སྐྱོང་དང་ནང་འདྲེན། བེད་སྤྱོད། ལུགས་མཐུན་ངང་འཁོར་སྐྱོད་བཅས་བྱེད་པའི་བྱ་བའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་བར་དམིགས་ནས་མཐོ་རིམ་སློབ་གྲྭའི་རིག་གཞུང་ཚན་ཁག་བཀོད་སྒྲིག་དང་། འཇོན་མི་གསོ་སྐྱོང་བྱེད་སྟངས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཁོ་བའི་འཇོན་མི་གསོ་སྐྱོང་བྱེད་དགོས། རྒྱུ་རྐྱེན་གཙོ་བོ་ཡོང་འབབ་བགོ་བཤའི་ནང་ཞུགས་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ངལ་རྩོལ་དང་ཤེས་བྱ། ལག་རྩལ། དོ་དམ། མ་རྩ། གཞི་གྲངས་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་བསྐྱེད་དེ། ཤེས་བྱ་དང་ལག་རྩལ། འཇོན་མི་བཅས་ཀྱི་ཚོང་རའི་རིན་ཐང་སྔར་ལས་ལྷག་པའི་སྒོ་ནས་མཚོན་པར་བྱེད་པ་དང་། གསར་གཏོད་ལ་སྐུལ་ལྕག་གཏོང་བ་དང་ཕམ་པར་བཟོད་སྒོམ་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།