ཟླ2པའི་ཚེས2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ་ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཆད་གཏན་འབེབས་དང་ལག་བསྟར་བྱེད་ཚད་སྔར་ལས་ཚད་ལྡན་དུ་གཏོང་བ་དང་དེར་ལྟ་སྐུལ་བྱེད་པའི་བསམ་འཆར་མ་ཟིན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། སྲིད་འཛིན་ཁྲིམས་སྲོལ་ཁ་ཤས་ལ་བཟོ་བཅོས་རྒྱག་པ་དང་མེད་པར་བཟོ་རྒྱུ་ཐག་བཅད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་གྱི་འབྲེལ་ཡོད་གཏན་འབེབས་ལེགས་སྒྲིག་བཀོལ་སྤྱོད་བྱེད་པའི་ཐག་གཅོད་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད། འཕྲལ་བསྟུན་དོ་དམ་བྱ་བར་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པའི་སྐོར་གྱི་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པར་ཉན་ལ། ཉེ་ལམ་དྲོད་དམའ་གངས་ཆར་འཁྱག་དར་གྱི་གནོད་འཚེ་སྔོན་འགོག་འཕྲལ་བསྟུན་བྱ་བ་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲས་ཞིག་བསྐྲུན་པ་ནི། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ལ་ཁ་གཏད་འཇལ་བ་དང་། ཚོང་གཉེར་གཙོ་གཞིའི་ཡིད་ཆེས་ཆེ་རུ་བསྐྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། རྒྱལ་སྤྱིའི་རྩེ་གྲས་ཆུ་ཚད་དང་བསྡུར་ཏེ། སྤྱི་ཡོངས་ལེགས་སྒྱུར་གྱི་དམིགས་འབེན་གཙོར་བཟུང་ནས། ཚོང་ར་སྟོབས་ལྡན་དང་འདྲ་མཉམ་ཡོང་བར་སྐུལ་བ་དང་། ཞབས་ཞུ་ནུས་ལྡན་དང་སྟབས་བདེ་གང་འཚམ་བསྐྲུན་པ། ཁྲིམས་སྐྱོང་ཤུགས་དྲག་དང་སྔོན་དཔག་བརྟན་པོར་བཟོ་བ། སྒོ་འབྱེད་གང་ལེགས་དང་སྤུས་ཚད་མཐོར་འདེགས། བཅོས་སྒྱུར་ཤུགས་དྲག་དང་གསར་གཏོད་དམ་འཛིན་སོགས་ཀྱི་བྱ་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཚོང་གཉེར་གཙོ་གཞིའི་སེམས་ཁུར་བྱེད་ཡུལ་གཙོ་བོར་ཕྱིར་ལན་སྤྲོད་པར་སྔར་ལས་དོ་སྣང་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཁོག་སྲིད་ཇུས་གཅིག་གྱུར་རང་བཞིན་གྱི་གདེང་འཇོག་ཕྱོགས་སུ་བསྐྱོད་པར་ཤུགས་བསྣན་ནས། བརྟན་འཇགས་མངོན་གསལ་དང་སྔོན་དཔག་ཐུབ་པའི་སྲིད་ཇུས་ཁོར་ཡུག་ཅིག་བསྐྲུན་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དངུལ་ཆད་དོན་དག་དང་འབྲེལ་བའི་སྲིད་འཛིན་ཁྲིམས་སྲོལ་ལ་མ་ལག་རང་བཞིན་གྱི་གསེད་བཀྲོལ་བྱས་ཏེ། གཏན་འབེབས་ལྟར་མྱུར་དུ་བཟོ་བཟོས་ལེགས་སྒྱུར་བྱེད་དགོས། གང་འདོད་དུ་དངུལ་ཆད་གཅོད་པར་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཁེ་ལས་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་ལྷག་པར་སྲུང་སྐྱོབ་བྱེད་དགོས། དོན་དག་འབྱུང་སྐབས་དང་དོན་དག་རྗེས་ཀྱི་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་བཏང་སྟེ། དོ་དམ་བྱེད་དགོས་པ་ཁྲིམས་ལྟར་དོ་དམ་དང་ལྟ་སྐུལ་གནད་ཁེལ་བྱེད་པ་དང་། ལྷག་པར་བདེ་འཇགས་ཐོན་སྐྱེད་དང་། ཚེ་སྲོག་བདེ་ཐང་། ཐོན་རྫས་སྤུས་ཚད་སོགས་ཁྱབ་ཁོངས་ཀྱི་ལས་དོན་ཐད་ནས་ལྟ་སྐུལ་དང་དོ་དམ་ནན་མོ་བྱས་ནས། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འཕྲལ་བསྟུན་དོ་དམ་བྱ་བ་དེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་དང་འབྲེལ་བ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། འཕྲལ་བསྟུན་སྔོན་ཇུས་མ་ལག་འཛུགས་པར་ཤུགས་བསྣན་ནས། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་བྱེད་པ། གལ་ཆེའི་བདེ་འཇགས་ཉེན་ཁ་སེལ་བ་དང་སྔོག་འགོག་སོགས་ཀྱི་ནུས་པ་དངོས་སུ་ཇེ་ཆེར་གཏོང་དགོས།
གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།