ཞི་ཅིན་ཕིང་དང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཕན་ཚུན་ལ་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་འཕྲིན་ཡིག་བསྐུར།
2024.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ2པའི་ཚེས2ཉིན། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་མཉམ་དུ་ལུགས་རྙིང་ལོ་སར་རོལ་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཕན་ཚུན་ལ་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ཁྲོད། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་མཛད་དེ། རོན་ཧྥུའུ་ཀྲུང་དང་ཡོ་ནན་གྱི་ཏང་དང་སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ལུགས་རྙིང་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས2023ལོ་ནི་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བའི་ལོ་རྒྱུས་སྟེང་དོན་སྙིང་ཆེན་པོ་ལྡན་པའི་ལོ་ཞིག་ཡིན། ཕྱོགས་གཉིས་ཀའི་མཐོ་རིམ་བར་འགྲོ་འོང་གང་མང་བྱས་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད་ལ། འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་མེད་སྦྲེལ་མཐུད་གང་མགྱོགས་བྱས་ལ། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་ཆེན་པོ་ཐེབས་པར་མ་ཟད། མི་གཞུང་རིག་གནས་བརྗེ་རེས་ཟབ་སྤེལ་བྱས་པ་དང་། སྲོལ་རྒྱུན་མཛའ་མཐུན་ལོ་སྔར་ལས་ཇེ་བརྟན་དུ་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་བོ་མངོན་ཡོད། རྒྱལ་ཁབ་གཉིས་ཀས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅོ་ལྔ་འཁོར་བར་རྗེས་དྲན་ཞུ་བའི་མཛའ་མཐུན་རྣམ་པའི་ཁྲོད་དུ། ངས་དུས་བཅད་ལྟར་ཡོ་ནན་རྒྱལ་ཁབ་ལ་འཚམས་འདྲི་བྱས་ནས། དུས་རབས་གསར་བའི་ཚུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཁྱེད་བར་གྱི་ཕན་ཚུན་འཚམས་འདྲི་བྱེད་ཐེངས་གསུམ་པ་ཡོངས་འགྲུབ་བྱས་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཁྱེད་དང་མཉམ་དུ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་སྐྱོད་ལམ་གསར་བ་དང་ལེའུ་གསར་བ་བརྩམས་ཡོད་ཅིང་། ཀྲུང་གོ་དང་ཡོ་ནན་གྱི་མཐུན་སྒྲིལ་མཉམ་ལས་དང་འབད་འབུངས་མདུན་སྐྱོད་ཀྱི་བློ་རྩ་བརྟན་པོ་དང་ཆོད་སེམས་མངོན་པར་མཚོན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན།  2024ལོར་རྒྱང་ལྟ་བྱེད་སྐབས། ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་འབྲེལ་འདྲིས་དམ་ཟབ་བྱས་ནས། ཕྱོགས་གཉིས་ཀས་ཕྱོགས་གཉིས་ཀའི་འབྲེལ་བའི་ངེས་གནས་གསར་བ་གཏན་འཁེལ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། སེམས་ནུས་གཅིག་སྒྲིལ་དང་དངོས་སྒྲུབ་འབད་བརྩོན་བྱས་ནས། བརྒྱུད་ལམ་སོ་སོ་དང་རིམ་པ་སོ་སོ། ཁྱབ་ཁོངས་སོ་སོ་བཅས་ཀྱི་བརྗེ་རེས་མཉམ་ལས་ཆུ་ཚད་མཐོན་པོའི་ངང་འཁོར་སྐྱོད་བྱེད་ཐུབ་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གསོན་ཉམས་ལྡན་པའི་ལག་ལེན་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་རེ་རེར་བརྟེན་ནས། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་རྩ་བ་བརྟན་ཞིང་དེར་འབྲས་བུ་སྨིན་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་དེང་རབས་ཅན་གྱི་ལས་དོན་ལ་སྒུལ་ཤུགས་གསར་བ་བསྣན་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་དྲང་ནུས་སྣོན་རྒྱུ་དང་། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་ལས་དོན་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་གསུངས།

རོན་ཧྥུའུ་ཀྲུང་གིས་ངས་སྔ་བར་ཕྱི་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་བར་བརྗེ་རེས་དང་འབྲེལ་གཏུག་བྱེད་པར་མཐོང་ཆེན་བྱས་ཏེ། ཕྱོགས་གཉིས་ཀའི་སྡེ་ཁག་སོ་སོ་དང་རིམ་པ་སོ་སོ། ས་གནས་སོ་སོ་བཅས་ཀྱིས། བློ་མཐུན་ཞི་ཅིན་ཕིང་གིས་ཡོ་ནན་ལ་འཚམས་འདྲི་བྱེད་སྐབས་ཕྱོགས་གཉིས་ཀའི་མཐོ་རིམ་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་གྲོས་མཐུན་གལ་ཆེན་ལག་བསྟར་མཐའ་འཁྱོལ་བྱེད་པར་མུ་མཐུད་སེམས་ཁུར་དང་མཛུབ་སྟོན་བྱ་རྒྱུ་ཡིན་ལ། དེ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་ཡོངས་སུ་མཐུན་པས། ས་ཁུལ་རང་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་། མཉམ་ལས། འཕེལ་རྒྱས་བཅས་མངོན་འགྱུར་ཡོང་ཆེད་བྱས་རྗེས་འཇོག་ཐུབ་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།