ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་སྔོན་ལ་ཐེན་ཅིན་གྱི་གཞི་རིམ་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་།
2024.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ2པའི་ཚེས1ཉིན་ནས2ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅི་ཕིང་ཐེན་ཅིན་དུ་ཕེབས་ནས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས1ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཞི་ཆིན་ཆུའུ་ཞིན་ཁིའུ་གྲོང་རྡལ་གྱི་སྡེ་བ་ཞིག་ཏུ་ན་ནིང་ཆུ་ལོག་གི་གནོད་འཚེ་ཐེབས་རྗེས་ས་དེའི་ཞིང་ལས་ཐོན་སྐྱེད་སླར་གསོའི་གནས་ཚུལ་སོགས་ལ་རྟོག་ཞིབ་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་སྡེ་མི་དང་མཉམ་དུ་གསུང་གླེང་མཛད་པའི་ཚུལ་རེད། 

འདི་ནི་ཞི་ཅིན་ཕིང་གིས་ཐེན་ཅིན་གནའ་བོའི་རིག་གནས་སྲང་ལམ་དུ་རྟོག་ཞིབ་མཛད་སྐབས་ཚོང་པ་དང་ཡུལ་དངོས་ཀྱི་མང་ཚོགས་ལ་གསུང་གླེང་མཛད་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཐེན་ཅིན་གནའ་བོའི་རིག་གནས་སྲང་ལམ་དུ་རྟོག་ཞིབ་མཛད་པའི་ཚུལ་རེད། 

འདི་ནི་ཚེས2ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཐེན་ཅིན་གཡུལ་འགྱེད་རྗེས་དྲན་ཁང་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅི་ཕིང་ཐེན་ཅིན་དུ་ཕེབས་ནས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་དང་ཞང་ཀང་གི་སྤུན་ཟླ། ཨོ་མིན་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལོ་སར་གྱི་སྨོན་འདུན་ཞུས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་རྣམས་ཀྱི་ལུས་ཕུང་བདེ་ཐང་ཡོང་བ་དང་ཁྱིམ་ཚང་བདེ་སྐྱིད་ལྡན་པ། བྱ་བ་ལམ་འགྲོ་ཡོང་བ། རབ་རྒྱན་ཤིང་ཕོ་འབྲུག་ལོར་བདེ་སྐྱིད་ལྡན་པ་བཅས་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། རླབས་ཆེན་མེས་རྒྱལ་ལ་ཆར་ཆུ་དུས་སུ་འབབ་པ་དང་རྒྱལ་ཁམས་བདེ་ཞིང་སྐྱིད་པ། དར་རྒྱས་གོང་འཕེལ་བཅས་ཡོང་བའི་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ཞིབ་འཇུག་གསར་སྤེལ་རྟེན་གཞི་ཡིན་པའི་ཐེན་ཅིན་གྱིས། ཚན་རིག་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་ཀུན་གྱི་སྔོན་ལ་བརྩོན་ལེན་དང་བྱས་རྗེས་འཇོག་ཕོད་པར་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་གསར་གཏོད་གླིང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།  གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་རིག་ནུས་ཅན། ལྷད་མེད་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། པེ་ཅིང་གི་ཚན་རྩལ་གསར་གཏོད་མཐུན་སྦྱོར་དང་ཐོན་ལས་མ་ལག་མཉམ་འདྲེས་ལ་ཤུགས་བསྣན་ནས། འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་སྤྱི་མཉམ་དུ་བསྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་ནི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་སྒུལ་ཤུགས་ཤིག་ཡིན། ཐེན་ཅིན་གྱིས་བཏོན་ཟིན་པའི་བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་སྤྱི་སྡོམ་ནན་ཏན་བྱས་ནས། གནས་བབ་དང་ལས་འགན་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ། བཅོས་སྒྱུར་བྱེད་ཐབས་གསར་བ་ཇུས་འགོད་ལག་བསྟར་བྱས་ནས། བཅོས་སྒྱུར་གྱི་གནད་ཁེལ་རང་བཞིན་དང་དམིགས་འབེན་རང་བཞིན། དངོས་ཕན་རང་བཞིན་བཅས་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས་ལ། ལྷག་པར་དུ་ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་”རྒྱུན་འཁྱོངས་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་གང་མགྱོགས་ཀྱིས་འཛུགས་པ། ས་ཁོངས་གཞི་གཅིག་ཅན་དུ་འཕེལ་བར་སྐུལ་འདེད་ནན་མོ་གཏོང་བ། པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཟབ་སྤེལ་བྱེད་པ་སོགས་ཀྱི་ཐད་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་རིག་གནས་ལ་བརྟེན་ནས་སློབ་གསོ་གཏོང་བ་དང་རིག་གནས་ལ་བརྟེན་ནས་དམངས་ཕན་བསྒྲུབ་པ། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་གྱི་རྣམ་པ་བརྒྱན་པ། རིག་གནས་ལ་བརྟེན་ནས་ལས་རིགས་དར་རྒྱས་གཏོང་བ་བཅས་ཀྱི་རྣམ་པ་ལྟར་དུ། གྲོང་ཁྱེར་གྱི་རིག་གནས་ཁྱད་ཆོས་དང་བསམ་པའི་ཉམས་འགྱུར་མངོན་པར་བྱ་རྒྱུ་ནི། གྲོང་ཁྱེར་གྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་གྱི་ཤེས་རིག་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་ཡིན། ཐེན་ཅིན་གྱིས་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱེད་པ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་དང་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ། དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་དང་ཚོང་རའི་མ་ལག སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཅས་སྔར་ལས་འཐུས་ཚང་དུ་གཏོང་བ། ཁྱད་ཆོས་མངོན་གསལ་ལྡན་པ་དང་ནང་སྙིང་ཆེན་པོ་ལྡན་པའི་རིག་གནས་སྤུས་རྟགས་བསྐྲུན་པ་བཅས་བྱས་ཏེ། ཐེན་ཅིན་གྱི་དེང་རབས་ཅན་གྱི་རྣམ་པ་གསར་བ་སྔར་ལས་ལྷག་པའི་སྒོ་ནས་མངོན་པར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་ནི། དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོ་བསྐྲུན་པའི་ལས་འགན་གལ་ཆེན་ཞིག་ཡིན། ཐེན་ཅིན་གྱིས་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་བྱས་ནས། གྲོང་མིའི་བདེ་སྡོད་ལས་བརྩོན་ལ་འགན་ལེན་བྱ་རྒྱུ་དེ་དོན་ཆེན་གཙོ་བོ་ཞིག་ཏུ་བརྩིས་ནས། གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཚིས་ཚད་མཐའ་བརྟན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ལ་ཐོབ་ཚོར་གསར་བ་རྒྱུན་ཆད་མེད་པར་སྟེར་ཐུབ་དགོས། ནང་སྙིང་རྣམ་པའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་བཅོས་སྐྱོང་གསར་གཏོད་བྱེད་པ་དང་། བདེ་འཇགས་གྲོང་ཁྱེར་འཛུགས་སྐྲུན་ལ་ཤུགས་སྣོན་པ། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་བསྟར་ཧུར་ཐག་བྱེད་པ། འཕེལ་རྒྱས་ཀྱི་སྦས་ཤུགས་ཇེ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་བར་སྟོང་ཇེ་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་ལས་རྣམ་གསར་བ་དང་ནུས་པ། སྤུས་ཚད་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་མཇུག་རྫོགས་ལ་ཉེ་བས། ཡུན་ཕན་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་བརྟན་པོར་འཛུགས་རྒྱུ་དང་། ཕྱི་ཚུལ་རིང་ལུགས་བསྟུར་མར་ཡོ་བསྲང་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བདེན་འཛིན་དངོས་གཉེར་དང་གསར་གཏོད་ཡར་བརྩོན་བྱེད་པར་ཁྲིད་སྟོན་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གང་ལེགས་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མཇུག་ཏུ་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམངས་ཚིས་དང་བདེ་འཇགས་ལ་འགན་ལེན་བྱེད་རྒྱུ་དང་། དངོས་ཟོག་དང་ནུས་ཁུངས་མཁོ་འདོན་ལ་འགན་ལེན་བྱེད་པ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སོགས་ཀྱི་ལས་དོན་ལ་མཐོང་ཆེན་བྱས་ནས། མི་དམངས་མང་ཚོགས་ཀྱིས་སྤྲོ་སྣང་དང་འཆམ་མཐུན་གྱི་སྒོ་ནས་ལུགས་རྙིང་ལོ་སར་ཞིག་རོལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་བྱེད་རོགས་གནང་།

ལིས་ཀན་ཅེ་དང་ཧི་ཝེ་ཏུང་། ཧི་ལིས་ཧྥུན་བཅས་དང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་མཉམ་དུ་གོང་གསལ་འབྲེལ་ཡོད་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།