རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོ་སྔོན་དུམ་མཚམས་ཀྱི་འཛུགས་སྐྲུན་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།
2024.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ2པའི་ཚེས2ཉིན། རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོ་སྔོན་དུམ་མཚམས་ཀྱི་འཛུགས་སྐྲུན་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏཱ་ནན་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དངོས་འབེབས་བྱས་ཏེ། ལྕགས་རི་རིང་བོ་དང་རྒྱང་སྐྱོད། རྨ་ཆུ། འབྲི་ཆུ་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོ་སྔོན་དུམ་མཚམས་ཀྱི་འཛུགས་སྐྲུན་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་དང་འདྲེས་པར་བྱས་ཏེ། རིག་གནས་ཡིད་རྟོན་ཇེ་བརྟན་དུ་བཏང་ནས་མཚོ་སྔོན་གྱི་རིག་གནས་ལས་དོན་གྱི་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ནས་རིག་གནས་ལྔ་གསོ་སྤེལ་དང་དར་སྤེལ་བྱས་ཏེ། མཚོ་སྔོན་རིག་གནས་ཀྱི་དགོངས་དོན་ནང་སྙིང་དང་དུས་རབས་ཀྱི་རིན་ཐང་གཏིང་ཟབ་ཏུ་སྔོག་འདོན་བྱེད་པ་དང་། བསྟུད་མར་མཚོ་སྔོན་རིག་གནས་ཀྱི་དྲིལ་སྒྲོག་ཤུགས་ཚད་དང་ཤུགས་རྐྱེན་ཇེ་མཐོར་གཏོང་དགོས་པ་དང་། སྲུང་སྐྱོབ་ཨང་དང་པོར་འཛིན་པ་དང་རྒྱུན་འཛིན་གཙོར་འཛིན་གྱི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། རིག་གནས་ཤུལ་བཞག་གི་མ་ལག་ལྡན་པའི་སྲུང་སྐྱོབ་དང་གསོན་རྣམ་རྒྱུན་འཛིན། གསོན་ཉམས་ལྡན་པའི་བེད་སྤྱོད་བཅས་ལ་ཤུགས་བསྣན་ནས། མཚོ་སྔོན་གྱི་རིག་གནས་ཚོང་རྟགས་ནུས་པ་རྒྱ་བསྐྱེད་པ་དང་། གསར་གཏོད་རང་བཞིན་གྱི་སྤོར་བསྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མ་ལག་འདུ་ཤེས་རྒྱུན་འཁྱོངས་སྒོས་རྒྱལ་ཁབ་ཀྱི་བརྗོད་སྙིང་ཚད་གཞི་འབུར་དུ་ཐོན་པ་དང་། བསྟུད་མར་སྟེང་གི་བཀོད་པ་ལེགས་སྒྱུར་བྱས་ནས་ལས་གཞི་གཙོ་བོར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས་ལ། སེམས་ཞིབ་མོས་རྒྱལ་ཁབ་རིམ་པའི་རིག་གནས་མངོན་པར་བྱེད་པའི་བཟོ་སྐྲུན་གསར་སྐྲུན་བྱས་ཏེ། མི་རིགས་ཀྱི་ཡིད་ཆེས་ཆགས་པར་བྱེད་པ་དང་རིག་གནས་ཀྱི་ངོས་ལེན་སྐུལ་སྤེལ་བྱས་ནས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཏེ། ཞིང་ཆེན་རིམ་པས་གཅིག་འདོམས་བྱེད་པ་དང་ཁུལ་རིམ་པས་འགན་ཁུར་བ། དུམ་མཚམས་དགར་ནས་དངོས་འབེབས་བྱེད་པའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་སྒོས་ལས་རིམ་གཙོ་བོ་འབུར་དུ་ཐོན་པར་བྱས་ནས། ལས་འགན་སྣ་ཚོགས་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ་དང་བྱེ་བྲག་ཏུ་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས་ལ། རང་ཞིང་གི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་འཛུགས་སྐྲུན་གྲུབ་འབྲས་དྲིལ་སྒྲོག་བྱས་ནས་མངོན་པར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སེམས་ཁུར་དང་རྒྱབ་སྐྱོར། ཟབ་ཞུགས་བཅས་བྱེད་པའི་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ནས་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོ་སྔོན་དུམ་མཚམས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་སྙན་ཞུ་བྱས་པ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། མགོ་ལོག་ཁུལ་སོགས་ལས་ཁུངས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།