ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ལས་འགན་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ2པའི་ཚེས2ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ལས་འགན་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་བྱ་བའི་འབྲེལ་ཡོད་བླང་བྱ་བརྒྱུད་སྒྲོག་བྱས་པ་དང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་གྲོས་གཞི་དང་འབྲེལ་ཡོད་བྱ་བའི་གྲ་སྒྲིག་གནས་ཚུལ་སྙན་ཞུ་བྱས་ཏེ་ལས་འགན་ལག་བསྟར་གྱི་མྱོང་ཚོར་བརྗེ་རེས་བྱས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བསྡུ་རུབ་མཁན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

བཞུགས་མོལ་ཚོགས་འདུའི་སྟེང་། ལིའུ་ཐུང་ཏི་དང་། ཝང་ཞོན། ཝང་ཅན། ཝང་ཁུན། ཀྲུའུ་ཁྲུན་ཡུན། ལིས་ཆིན། ཀའོ་ཆིན་པའོ་སོགས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བདུན་གྱིས་སྔ་གཞུག་ཏུ་གཏམ་བཤད་སྤེལ། གྲོས་གཞི་དང་ཚོགས་ཆེན་སྟེང་གཏམ་བཤད། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཡར་ཞུ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ལག་བསྟར་བྱེད་པ་བཅས་ལ་དམིགས་ནས་བརྗེ་རེས་གཏམ་བཤད་སྤེལ། ཚང་མས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། སྔར་ལས་མཐོ་བའི་ཆབ་སྲིད་ལངས་གནས་དང་འགན་འཁྲིའི་ཁག་ཁུར་ཆེན་པོས་ཚོགས་ཆེན་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་། ཨུ་ཡོན་གྱི་ཆེད་འགན་དང་ཆེ་ཕྱོགས་ཀྱི་དགོས་མཁོར་ཟུང་འབྲེལ་དམ་པོ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་ནས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་རྒྱ་ཆེར་དྲིལ་སྒྲོག་བྱེད་དགོས་ལ། ཧུར་ཐག་སྒོས་སྲིད་གྲོས་ཀྱི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད། ཨུ་ཡོན་གྱི་གཏམ་རྒྱུད་བཅས་བཟང་བོར་བཤད་པ་དང་། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱེད་ཚད་མཐོར་འདེགས་དང་ཐུན་མོང་ངོས་ཟིན་ཆུ་ཚད་གཅིག་བསྡུས་བྱས་ནས། དོན་དངོས་བྱ་སྤྱོད་ལས་རྒྱལ་དོན་དུ་ལས་འགན་ལག་བསྟར་བྱེད་པ་དང་དམངས་དོན་དུ་འགན་འཁྲི་ཁུར་དུ་ལེན་པའི་རྣམ་དག་བསམ་པ་མངོན་པར་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཨུ་ཡོན་རྣམས་ཀྱིས་བསམ་བློའི་ཐད་ནས་མཐོང་ཆེན་དང་འགན་འཁྲིའི་ལག་བསྟར་ཐད་ནས་ཁག་ཁུར་གང་ལེགས་བྱས་ཏེ། ཕན་ནུས་ལྡན་པའི་རྟོག་ཞིབ་དང་གྲ་སྒྲིག་བྱ་བ་མང་བོ་བསྒྲུབས་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པར་རྨང་གཞི་བཟང་བོ་བཏིངས་ཡོད། ཚང་མས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ལངས་གནས་མཐོར་འདེགས་བྱེད་པ་དང་། རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་ཏང་ཨུ་བཅས་ཀྱི་གྲོས་ཚོགས་བདེ་བླག་ངང་བསྡུ་བའི་བཀོད་སྒྲིག་དང་རེ་བ་སྣ་ཚོགས་ཀྱི་སྟེང་དུ་གཅིག་གྱུར་བྱས་ནས། ཆུ་ཚད་མཐོ་བའི་སྒོ་ནས་ལས་འགན་ལག་བསྟར་བྱས་ཏེ་མཚོ་སྔོན་གྱི་སྲིད་གྲོས་ཨུ་ཡོན་གྱི་སྣང་བརྙན་བཟང་བོ་མངོན་པར་བྱེད་དགོས། རྒྱལ་ཁབ་ཀྱི་དོན་ཆེན་དང་ཞིང་ཆེན་གྱི་དོན་ཆེན། དམངས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་བཅས་སེམས་སུ་བཟུང་ཞིང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་སོགས་གནད་དོན་གཙོ་བོར་དམིགས་ཏེ། གཏིང་ཟབ་ཏུ་རྟོག་དཔྱོད་ཞིབ་འཇུག་དང་སེམས་ཞིབ་མོས་གྲོས་གཞི་དང་། ཚོགས་ཆེན་གྱི་གཏམ་བཤད། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་གནས་ཚུལ་བཅས་གྲ་སྒྲིག་བྱས་ནས། མཚོ་སྔོན་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་བརྩེ་བ་ཟབ་མོས་ཨུ་ཡོན་དག་གིས་འགན་འཁྲི་ལག་བསྟར་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་། འགན་སྲུང་འདོན་སྤྲོད་བྱས་ནས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དག་གིས་ཚོགས་ཆེན་བདེ་བླག་ངང་བསྡུས་ཏེ། འགན་འཁྲི་དང་ལས་འགན་ལག་བསྟར་གང་ལེགས་བྱེད་པར་འགན་སྲུང་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།