ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་མིན་ཧི་རྫོང་དུ་རྟོག་ཞིབ་འཚམས་འདྲི་བྱས།
2024.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ2པའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་དང་ལས་གཞི་ལག་བསྟར་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་དང་གཞི་རིམ་གྱི་ལས་བྱེད་པར་འཚམས་འདྲི་བྱས་ནས། དུས་ཆེན་སྔོན་གྱི་མཁོ་འདོན་འགན་སྲུང་དང་དངོས་གོང་བརྟན་པར་བྱེད་པའི་བྱ་བ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་བྱས་པ་དང་། ཚང་མར་ལོ་སར་གྱི་སྨོན་འདུན་ཞུས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ། བརྩེ་སེམས་དང་སྟོབས་ཤུགས་བཏོན་ནས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་མྱུར་དུ་སྤེལ་ནས། ཁྱིམ་གཞི་གསར་བ་སྔར་ལས་མཛེས་པ་དང་འཚོ་བ་སྔར་ལས་བཟང་བར་བྱེད་དགོས།

ཝུན་ཅཱ་སྡེ་བའི་གཅིག་བསྡུས་བདེ་འགོད་བྱེད་ས་རུ། ཝུའུ་ཞའོ་ཅུན་གྱིས་ཉིན་རྒྱུན་གྱི་དོ་དམ་ཞབས་ཞུ་དང་བདེ་འཇགས་སྐོར་ཞིབ་གྲལ་བཤེར་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། བདེ་འགོད་བྱེད་སའི་མང་ཚོགས་དང་བརྗེ་རེས་བྱས་ལ། གནོད་ཐེབས་མང་ཚོགས་ཧི་ཆོན་མཱེ་ལ་འཚམས་འདྲི་བྱས་པར་མ་ཟད། གནོད་ཐེབས་གྱོང་གུན་དང་འཚོ་བའི་འགན་སྲུང་། བྱིས་པའི་སློབ་སྦྱོང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ནམ་ཡང་ས་ཡོམ་གནོད་ཐེབས་མང་ཚོགས་ཀྱི་བདེ་སྡུག་ལ་དོ་སྣང་བྱེད་ཀྱིན་ཡོད་པ་དང་། ཚང་མས་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཁྱིམ་གཞི་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་པ་དང་། འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་བར་བྱེད་དགོས། ཚའོ་ཐན་སྡེ་བའི་ཨུ་ཡོན་ལྷན་ཁང་དུ། ཝུའུ་ཞའོ་ཅུན་ཚའོ་ཐན་སྡེ་བའི་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆི་མེན་ཧྲོའུ་ལ་འཚམས་འདྲི་བྱས་པར་མ་ཟད། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཚན་ཁག་གི་ཁོངས་མི་དང་བཞུགས་མོལ་བྱས། ཁོས་ནན་གྱིས་བསྟན་དོན། གཅིག་བསྡུས་བདེ་འགོད་བྱེད་སའི་དོ་དམ་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་བཀོད་སྒྲིག་བྱས་ནས། གནོད་ཐེབས་མང་ཚོགས་ཀྱིས་སེམས་བདེ་བདེ་འཇགས་དང་དྲོད་ཁོལ་ལྡན་པའི་དགུན་ཞིག་རོལ་བར་ཁག་ཐེག་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འགོག་རའི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། མཉམ་དུ་ཁྱིམ་གཞི་གསར་བ་འཛུགས་སྐྲུན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ས་ཡོམ་གནོད་འཚེའི་རྗེས་ཀྱི་ས་གཤིས་ཉེན་ཁར་གྲལ་བཤེར་བཅོས་སྐྱོང་དང་བསྐྱར་འཛུགས་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་ཧ་ཅང་དོ་སྣང་བྱེད་ཀྱིན་ཡོད་པ་དང་། སྔ་གཞུག་ཏུ་ཡུལ་དངོས་ནས་ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་གྱི་མཚོ་སྔོན་ཡོམ་ཁུལ་གྱི་ཧུང་ཡ་ཧྲན་རི་བོའི་ལ་མཐོའི་ས་ཡོམ་འཕྲལ་བསྟུན་བཅོས་སྐྱོང་ལས་གཞི་དང་ཀོན་ཐིན་ཧོར་རིགས་སློབ་འབྲིང་གི་ཐོག་ཁང་བརྟན་སྒྱུར་ལས་གཞི་ལ་ལྟ་ཞིབ་བྱས་པ་དང་། ཅིན་ཐེན་སྡེ་བ་དང་ཚའོ་ཐན་སྡེ་བ། ཀྲའོ་མུའུ་ཁྲོན་སྡེ་བའི་གནས་སྤོར་འཆར་འགོད་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་པར་མ་ཟད། ཧུའུ་ལང་ཁྲིན་སྡེ་བའི་མཱ་ཝུན་ལེན་གྱི་ཁྱིམ་དུ་སོང་ནས་འཚམས་འདྲི་བྱས་པ་དང་། ཁང་བ་ཞིག་གསོ་བརྟན་སྒྱུར་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། ས་གཤིས་གནོད་འཚེའི་ཉེན་ཁར་གྲལ་བཤེར་ནན་མོ་བྱེད་པ་དང་། གནོད་འཚེའི་ཉེན་ཁ་ཡོད་སའི་བཅོས་སྐྱོང་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། སྤུས་ཚད་མཐོ་བའི་ངང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ལས་གཞི་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་པ། ལས་བྱེད་པའི་སྟོབས་ཤུགས་གཞི་རིམ་དུ་བསྐྱོད་པར་རྩ་འཛུགས་བྱེད་པ། ལག་རྩལ་གྱི་སྟོབས་ཤུགས་དང་བཟོ་སྐྲུན་གྱི་སྟོབས་ཤུགས། མི་བཀོལ་རྒྱུ་སྤྱོད་ཀྱི་འགན་སྲུང་ལ་ཤུགས་སྣོན་པ། མ་དངུལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས། སྤུས་ལེགས་བཟོ་སྐྲུན་དང་བདེ་འཇགས་བཟོ་སྐྲུན། སེམས་བདེ་བཟོ་སྐྲུན། དག་གཙང་བཟོ་སྐྲུན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། སྡེ་བ་དང་ཁྱིམ་ཚང་ལ་གཞིགས་ནས་ཁང་བ་ཞིག་གསོ་བརྟན་སྒྱུར་དང་བསྐྱར་འཛུགས་ཇུས་གཞི་གཏན་འབེབས་བྱེད་པ་དང་། ཆེད་ལས་ལག་རྩལ་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་པ། ཁྱིམ་མཚེས་བར་ཕན་ཚུན་རོགས་རམ་བྱེད་པར་སྐུལ་སློང་བཏང་སྟེ། མང་ཚོགས་ཚོ་སྔ་མོ་ནས་ཁང་བ་གསར་བའི་ནང་ལོག་ཐུབ་པར་བྱེད་དགོས།

ཁྲོན་ཁུག་གྲོང་བརྡལ་ཏུང་ཡོན་ཞིང་ལས་ཐོན་རྫས་ཕྱོགས་བསྡུས་སྡེབ་འཚོང་ཚོང་ར་རུ། ཝུའུ་ཞའོ་ཅུན་གྱིས་ཚོང་བ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ནས། ཤ་རིགས་དང་སྔོ་ཚལ། སིལ་ཏོག་དང་འབྲུ་སྣུམ་སོགས་ཚོང་རྫས་ཀྱི་རིན་གོང་དང་ཐོན་ས། གསོག་ཚད་དང་ཉོ་ཚོང་གི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཚོང་ར་དོ་དམ་དང་མེ་གསོད་བདེ་འཇགས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ཉན། ཁོས་བཤད་རྒྱུར། དུས་ཆེན་སྐབས་ཀྱི་ཚོང་རའི་མཁོ་འདོན་འགན་སྲུང་དང་དངོས་གོང་བརྟན་འཇགས་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཁངས་འབབ་པ་དང་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་དམངས་ཚིས་ཚོང་རྫས་གཙོ་བོའི་རིན་གོང་དང་སྤུས་ཚད་ཐད་ཀྱི་གནོད་པར་དོ་སྣང་ཆེན་པོ་བྱེད་པ། དངོས་ཟོག་གཏོང་འདྲེན་ཉར་གསོག་ལ་ཤུགས་སྣོན་པ། དུས་ཆེན་གྱི་ཚོང་རའི་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཟས་རིགས་ཀྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས། ཚོང་རའི་དངོས་གོང་བརྟན་འཇགས་དང་སྤུས་ཚད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཉེན་ཁར་ཕྱོགས་ཡོངས་ནས་བཅོས་སྐྱོང་དང་གྲལ་བཤེར་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། བདེ་འཇགས་ཞི་མཐུན་གྱི་ལོ་སར་ཞིག་རོལ་ཐུབ་པར་བྱེད་དགོས།

ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧན་གྱིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།