ཟླ2པའི་ཚེས2ཉིན་གྱི་དགོང་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ལ་ཁ་པར་བཏང་།
ལིས་ཆང་གིས་ཀྲུང་གོ་དང་ཧོ་ལན་བར་འབྲེལ་བ་བཙུགས་ནས་ལོ50ལྷག་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། ཕན་ཚུན་བར་གྱི་སྐད་ཆ་བཤད་རེས་དང་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོ་དང་ཧོ་ལན་གྱི་ཚོང་དོན་བསྡོམས་འབོར་གྱིས་བསྟུད་མུར་ལོ་དུ་མའི་རིང་ལ་ཆུ་ཚད་མཐོན་པོ་རྒྱུན་འཁྱོངས་བྱས་པ་དང་། ཁྱབ་ཁོངས་མང་བོའི་མཉམ་ལས་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ལག་ལེན་གྱི་ཐོག་ནས་སྒོ་འབྱེད་མཉམ་ལས་བྱས་ན་གཉིས་ཕན་མངོན་འགྱུར་ཡོང་ཐུབ་པར་མ་ཟད། དེ་རྒྱལ་ཁབ་གཉིས་ཀའི་རྩ་བའི་ཁེ་ཕན་དང་མཐུན་པ་ར་སྤྲོད་གསལ་བོ་བྱས་ཡོད། ཧོ་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གང་ལེགས་བྱས་ནས། ཀྲུང་གོ་དང་ཧོ་ལན་བར་གྱི་མཉམ་ལས་ཀྱི་རྣམ་པ་བཟང་བོར་མཉམ་དུ་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་བར་གྱི་དངོས་སྒྲུབ་མཉམ་ལས་སྔར་ལས་ཟབ་སྤེལ་བྱས་ཏེ། སློབ་གསོ་དང་རིག་གནས། འགྲིམ་འགྲུལ། ས་གནས་སོགས་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། གཉིས་ཕན་གཉིས་རྒྱལ་སྔར་ལས་ལེགས་པའི་སྒོ་ནས་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས།
ལོས་ཐི་ཡིས་ཀྲུང་གོའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས་ཏེ། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་རྒྱུ་དང་། མི་གཞུང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སྒོ་འབྱེད་རང་བཞིན་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། ཧོ་ལན་དང་ཀྲུང་གོའི་བར་དང་ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།