ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་ཚོགས་འདུ་ཟླ2པའི་ཚེས4ཉིན་པེ་ཅིང་དུ་འཚོགས།
ཉིན་འགའི་སྔོན་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་བརྗོད་དོན་སློབ་གསོའི་སྤྱི་སྡོམ་སྙན་ཞུ་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་བསམ་འཆར་ལ་གྲོས་ཞིབ་བྱེད་སྐབས་གསུང་བཤད་གལ་ཆེན་གནང་ནས། བརྗོད་དོན་སློབ་གསོ་དངོས་སུ་སྤེལ་བ་ནས་བཟུང་། ཏང་ཡོངས་ཀྱིས“དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་པ་དང་། བརྗོད་དོན་གྱི་གཙོ་གནད་ལ་དམ་པོར་དམིགས་པ། དམིགས་འབེན་ལས་འགན་ཁ་གསལ་བཟོ་བ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་བློ་སྟོབས་བསྐྱེད་པ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་འབུར་དུ་ཐོན་པར་འབད་པ། འགོ་རྩོམ་ལོའི་བྱ་བ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཁྱད་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གནད་དོན་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན། ཏང་ནན་སྐྱོང་གི་གནད་དོན་མངོན་གསལ་ཅན་བཅས་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། སྔོན་དཔག་དམིགས་ཡུལ་འགྲུབ་པར་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་འབད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས། བསམ་འཆར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས་ཕུགས་ཕན་ལམ་སྲོལ་གྲུབ་པར་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་མུ་མཐུད་ཤུགས་སྣོན་པ་དང་། ཏང་ཡོན་ལས་བྱེད་པས་ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཆོས་ཉིད་རྟོགས་པར་བྱེད་པ་དང་ཁ་ཕྱོགས་གསལ་བོ་ངེས་པར་བྱེད་པ། བྱེད་ཐབས་ལ་སློབ་སྦྱོང་བྱེད་པ། བློ་གྲོས་རྒྱས་པར་བྱེད་པ་བཅས་བྱས་ཏེ། རྩ་བ་བརྟན་གཏོང་དང་སེམས་ནུས་གཅིག་སྒྲིལ་སྒོས་བླ་སྲོག་བསྐྲུན་ནས། ཏང་གི་མཐུན་སྒྲིལ་གཅིག་གྱུར་གྱི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བའི་སློབ་གསོར་ཁྲིད་སྟོན་བྱེད་དགོས། གནད་དོན་ཐག་གཅོད་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། དག་ཐེར་བཅོས་སྐྱོང་དང་སྒྲིག་སྲོལ་དང་ལམ་ལུགས་མུ་མཐུད་འཛུགས་རྒྱུ་དམ་འཛིན་ཡག་པོ་བྱས་ནས། མི་དམངས་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དངོས་ཚོར་དུ་འཇུག་རྒྱུ་དང་། མི་དམངས་མང་ཚོགས་ལ་ཐོབ་ཚོར་མྱོང་དུ་འཇུག་དགོས། སྤྱོད་ཚུལ་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་། “གཞི་རིམ་དུ་བསྐྱོད་པ་བཞི”དོན་འཁྱོལ་བྱེད་པ། དུས་རབས་གསར་བའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། དུས་རབས་གསར་བའི་མང་ཚོགས་ལམ་ཕྱོགས་སྟེང་ཡག་པོར་བསྐྱོད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བར་དམ་འཛིན་ནན་མོ་བཅས་བྱེད་དགོས། དངོས་གཉེར་གྱི་སྤྱོད་ཚུལ་དང་སྤྱོད་གཙང་གི་སྤྱོད་ཚུལ། བབ་ཆགས་ཀྱི་སྤྱོད་ཚུལ་བཅས་དར་སྤེལ་གང་ལེགས་བཏང་ནས། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ཡག་པོ་སྤེལ་རྒྱུར་རྩ་འཛུགས་གང་ལེགས་བྱེད་དགོས། གཞི་རིམ་གྱི་རྨང་གཞི་མུ་མཐུད་ཇེ་བརྟན་དུ་གཏོང་བ་དང་། ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་བརྟན་པོར་འཛུགས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་པ། དངོས་སྒྲུབ་ལ་མཐོང་ཆེན་བྱེད་པ། ལས་དོན་ཏན་ཏིག་ངང་སྒྲུབ་པ། ཕན་འབྲས་དངོས་གཉེར་བ་བཅས་བྱས་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་འགྱུར་བར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་བདག་འགན་འཁྲི་འཁུར་ཏེ་ལྷག་ལུས་མེད་པའི་སྒོ་ནས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་གྱིས་གསུངས།
ཚོགས་ཐོག་ནས་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་ཚོགས་འདུ་ཟླ2པའི་ཚེས4ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བརྗོད་དོན་སློབ་གསོས་བླངས་པའི་གྲུབ་འབྲས་མངོན་གསལ་ཅན་ཁས་ལེན་གང་ལེགས་གནང་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས། ང་ཚོས་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་ཡང་དག་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་ཞེས་ནན་གྱིས་གསུངས།
ཚའེ་ཆི་ཡིས་ད་ཐེངས་ཀྱི་བརྗོད་དོན་སློབ་གསོར་གྲུབ་འབྲས་མངོན་གསལ་ཅན་ཐོབ་པའི་རྩ་བ་ནི། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་རག་ལས་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་བྱས་པ་དང་ཐད་ཀར་མཛུབ་སྟོན་བྱས་པ། བརྒྱུད་རིམ་ཧྲིལ་པོར་མཛུབ་སྟོན་བྱས་པ། དཔེ་སྟོན་སྣེ་འདོམས་བཅས་བྱས་པའི་དབང་གིས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུར་ཞུགས་ནས་སྐུལ་སློང་བཀོད་སྒྲིག་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱིས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱེད་པའི་གྲོས་ཚོགས་ལ་འགོ་འཛིན་གནང་བ་ལས་གཞན། བརྗོད་དོན་སློབ་གསོར་དམ་པོར་དམིགས་ནས་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་དང་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་འགོ་འཛིན་གནང་བར་མ་ཟད། ཡུལ་དངོས་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་ཐེངས་མང་གནང་བ་དང་། བརྗོད་དོན་སློབ་གསོར་བླང་བྱ་དང་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། བརྗོད་དོན་སློབ་གསོ་སྤུས་ཚད་མཐོ་བའི་ངང་སྤེལ་བར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་བྱེད་ས་གལ་ཆེན་འདོན་སྤྲོད་གནང་ཞེས་གསུངས།
ཚའེ་ཆི་ཡིས་ད་ཐེངས་ཀྱི་བརྗོད་དོན་སློབ་གསོས་དུས་རབས་གསར་བར་ཏང་ནང་ཁུལ་དུ་ཐུན་མོང་སློབ་གསོ་སྤེལ་བར་ཉམས་མྱོང་གསར་བ་བསགས་ཡོད་པ་དང་། དེ་དག་ནི་གཙོ་བོ་གཞུང་ལུགས་སློབ་སྦྱོང་ཐོག་མཐའ་བར་གསུམ་དུ་ཁྱབ་པ་རྒྱུན་འཁྱོངས་བྱས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པ། ལྟེ་གནས་ལས་འགན་ལ་ཞབས་འདེགས་ཞུས་པ། ཕྱི་ཚུལ་རིང་ལུགས་འགོག་སྡོམ་དང་གོང་གིས་འོག་ལ་དཔེ་སྟོན་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་པ་སོགས་ཡིན་པས། སྤྱི་སྡོམ་གནད་ཁེལ་དང་བེད་སྤྱོད་ཡག་པོ་ཡོང་བར་དོ་སྣང་བྱེད་དགོས།
ཚའེ་ཆི་ཡིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་རྒྱ་སྐྱེད་གཏོང་བར་ཅིས་ཀྱང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རང་ཉིད་འཐུས་ཚང་། རང་ངོས་གསར་སྒྱུར། རང་ཉིད་མཐོར་གཏོང་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་གྱི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་འཇོན་ཐང་ངོ་མ་ལྡན་པར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཡོངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱས་ནས། ཏང་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཏང་གི་ལྟེ་བའི་ལས་འགན་སྟེང་གཅིག་སྡུད་བྱེད་དགོས། དུས་རབས་གསར་བའི་མང་ཚོགས་ལམ་ཕྱོགས་ལག་བསྟར་ཡག་པོ་བྱས་ནས། “གཞི་རིམ་དུ་བསྐྱོད་པ་བཞིའི”ཉམས་མྱོང་བེད་སྤྱོད་ཡག་པོ་བྱས་ཏེ། རང་རེའི་ཏང་གིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྤྱོད་ཚུལ་བཟང་བོ་དར་རྒྱས་གོང་འཕེལ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་ཇེ་དམ་དུ་བཏང་ནས། ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་བཏང་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་སྒྲིག་ཁྲིམས་བརྟན་པོ་དེ་རྒྱུན་ལྡན་གྱི་གོམས་གཤིས་དང་བྱ་སྤྱོད་ཀྱི་ཚད་གཞི་རུ་འགྱུར་བར་སྐུལ་འདེད་གཏོང་དགོས། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས།
ལིས་ཀན་ཅེ་ཡིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ལིས་ཧྲུའུ་ལེ་དང་ཅང་ཞིན་ཀྲི། མེའོ་ཧྭ་བཅས་ཚོགས་འདུར་ཞུགས།
ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། གཞུང་སྒྲུབ་ཁང་གི་འགན་འཁུར་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་མི་དམངས་ཚོགས་པ་སོ་སོ། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་དངུལ་རྩའི་སྒྲིག་གཞི་དང་། ཁེ་ལས་དང་མཐོ་རིམ་སློབ་ཆེན་རེ་འགའ། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཁག་དང་ཞིང་ཆེན་རིམ་པའི་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པ་སོགས་ཚོགས་འདུར་ཞུགས། ཐེངས་འདིའི་ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པས་བསྡུས་པ་དང། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་ཡན་ལག་ཚོགས་ར་བཙུགས།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ན་ནིང་གི་ཟླ4པ་ནས་བཟུང་དངོས་སུ་སྤེལ་འགོ་བརྩམས་ཏེ། གོང་རིམ་ནས་འོག་རིམ་བར་སྐོར་ཐེངས་སྔ་ཕྱི་གཉིས་ལ་སྤེལ་ཚར་བ་དང་། མིག་སྔར་གཞི་རྩའི་ཆ་ནས་བརྗོད་དོན་སློབ་གསོ་མཇུག་བསྒྲིལ།
བན་དེ་སྐྱབས་ཀྱིས་བསྒྱུར།