ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོ་སྟེ། ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། 2023ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་མཐུན་བྱ་དགའ་ཐོབ་མཁན་དང་ཀྲུང་གོ་རུ་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཞུགས་མོལ་ལ་ཞུགས།
ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོ་སྟེ། ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། 2023ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་མཐུན་བྱ་དགའ་ཐོབ་མཁན་དང་ཀྲུང་གོ་རུ་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཞུགས་མོལ་ལ་ཞུགས།
ལིས་ཆང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཁོ་ཚོའི་ཁྱིམ་མིར་ལོ་སར་གྱི་སྨོན་འདུན་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་བྱས་ཤིང་། ཚང་མས་དུས་ཡུན་རིང་བོར་ཀྲུང་གོའི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་ལ། ཆེད་མཁས་པ་རྣམས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་སྲིད་གཞུང་བྱ་བའི་ཐད་བཏོན་པའི་བསམ་ཚུལ་ལ་ནན་ཏན་གྱིས་ཉན། སུའེ་ཙེར་དང་། འཇར་མན། པ་ཞི། ཧན་གོ ཐེ་གོ ཨུ་རུ་སི་སོགས་རྒྱལ་ཁབ་ནས་ཡོང་བའི་ཆེད་མཁས་པས་ཚན་རྩལ་གསར་གཏོད་མཉམ་ལས་དང་། ལྷད་མེད་འཕེལ་རྒྱས། འཇོན་མི་གསོ་སྐྱོང་སོགས་ལ་དམིགས་ཏེ་གཏམ་བཤད།
ལིས་ཆང་གིས་བསྟན་དོན། ཕྱི་རྒྱལ་གྱི་ཆེད་མཁས་པས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཀྲུང་ཕྱིའི་བརྗེ་རེས་མཉམ་ལས་ལ་སྐུལ་སྤེལ་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད་ལ། ཚང་མས་ཀྲུང་གོ་འཕེལ་རྒྱས་གཏོང་བའི་ལག་ལེན་ཐད་སེམས་ཤུགས་དང་རྔུལ་ཆུ་གང་མང་ཕུལ་ཏེ་བྱས་རྗེས་མི་དམན་པ་བཞག་པར་མ་ཟད། མི་ཚེའི་ཕུགས་འདུན་དང་རིན་ཐང་མངོན་པར་བྱས་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། མིག་སྔར་དང་མ་འོངས་པའི་མིག་རྒྱང་གང་ཡིན་རུང་། གོ་སྐབས་ཀྱིས་གང་བའི་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་གྱིན་ཡོད་པས། ཕྱི་རྒྱལ་གྱི་ཆེད་མཁས་པ་སོགས་ལས་རིགས་སོ་སོའི་འཇོན་མིས་ལས་སྒྲུབ་ལས་གཏོད་བྱེད་པར་ཁོད་ཡངས་པའི་བར་སྟོང་འདོན་སྤྲོད་བྱས་ཡོད་ཟེར།
ལིས་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ནི་སྒོ་འབྱེད་ཀྱི་འཕེལ་རྒྱས་ཤིག་ཡིན་པས། ང་ཚོས་བློ་ཁོག་ཡངས་པོར་ཕྱེས་ཏེ་འཛམ་གླིང་ས་ཁུལ་སོ་སོའི་ཤེས་ལྡན་མི་སྣར་དགའ་བསུ་ཞུ་བཞིན་ཡོད། ཕྱི་རྒྱལ་གྱི་ཆེད་མཁས་པ་མུ་མཐུད་ཀྲུང་གོའི་འཕེལ་རྒྱས་ཁྲོད་གཏིང་ཟབ་ཏུ་ཞུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པའི་གར་སྟེགས་ཆེན་མོའི་སྟེང་འཇོན་ནུས་ཡོངས་སུ་ངོམ་དགོས། མུ་མཐུད་དུ་ཀྲུང་གོ་དང་འཛམ་གླིང་མཐུན་སྦྱོར་བརྗེ་རེས་བྱེད་པའི་འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་བྱེད་པའི་རེ་བ་བཅངས་ཡོད་ལ། ཀྲུང་གོའི་སྲིད་གཞུང་གིས་རྒྱུན་ཆད་མེད་པར་འབྲེལ་ཡོད་སྲིད་ཇུས་ལེགས་སྒྱུར་བྱས་ཏེ། མི་སྣའི་འགྲོ་འོང་ལ་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་རྒྱུ་མ་ཟད། ཤེས་བྱའི་བདག་དབང་སོགས་ཀྱི་ཁེ་དབང་སྲུང་སྐྱོབ་ལ་ཤུགས་བསྣན་ནས། རྒྱལ་ཁབ་སོ་སོའི་ཤེས་ལྡན་འཇོན་མི་ཀྲུང་གོར་ཡོང་ནས་བྱ་བ་སྒྲུབ་པར་སྔར་ལས་ལེགས་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་ཟེར།
ཝང་དབྱི་དང་། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན་བཅས་བཞུགས་མོལ་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།